༡༧/༥/༢༠༡༢
༉ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ ཐོག་མའི་བརྗོད་དོན་གྱི་ སྙན་གསན་སྐབས་ བཀྲིས་སྒང་ཝམ་རོང་དྲུང་ཁག་ལས་ མཐོ་གཏུགས་པ་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁྱིམ་༢ ནང་ལས་ ཨར་རྐུན་འབད་ཡོདཔ་ ངེས་བདེན་ཨིན་རུང་ ཐོག་མའི་ཁྲིམས་འདུན་༢ ཀྱིས་ ཁོ་ལུ་ མཆོད་རྟེན་སློངས་སློངསམ་མེད་པའི་ཉེས་ཁྲིམས་ ཚེ་བཙོན་བཀལ་ཡོདཔ་ལས་ རྩ་ལས་ར་ ཁེ་རྒུད་མ་བཏུབ་ཟེར་ཞུ་ཡི།
དེ་འབདཝ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཞིབ་དཔྱད་འབད་ཐོག་ལས་ དྲང་ཁྲིམས་གནང་ནི་ཡོདཔ་ཅིག་ མཛད་གནང་ཟེར་ ཀླུ་མང་རྒེད་འོག་ མོ་ཤི་གཡུས་ཚན་ལས་ སོ་ནམ་པ་ དངོས་གྲུབ་རྒྱལ་མཚན་གྱིས་ཞུ་ཡི།
མཐོ་གཏུགས་པ་གིས་ མཆོད་རྟེན་སློངས་ཏེ་ ནང་གཟུངས་བཏོན་འབག་མི་དང་ གྲོང་ཁྱིམ་༣ ལས་ ཨར་རྐུན་འབད་བའི་ གནད་ལུ་བརྟེན་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༣ ལུ་ ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ ཁོ་ལུ་ ཉེས་ཁྲིམས་ཚེ་བཙོན་བཀལ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཉེས་འཛུགས་ཅན་དེ་ བསམ་པ་མ་རྫོགས་པར་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༤ ལུ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོད་རུང་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ གཞི་འཛིན་འབད་བའི་ཤུལ་ལས་ ཁོ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
དངོས་གྲུབ་རྒྱལ་མཚན་གྱིས་འབད་བ་ཅིན་ ཁོ་ར་ ཆང་འགྲངས་མི་ལུ་བརྟེན་ བདེ་ཆེན་འཆི་མེད་དང་ བྱང་ཆུབ་དབང་འདུས་ཀྱི་ ཁྱིམ་གཉིས་ནང་ལས་ དཔེ་ཆ་དང་ བྱུ་རུ་རྙིངམ་ བལ་ཀྲམ་ཚུ་ ཨར་རྐུན་འབད་ཡོདཔ་ ངེས་བདེན་ཨིན་རུང་ མཚམས་པ་རིག་འཛིན་ཆོས་འཕེལ་གྱི་ ཁྱིམ་ནང་ལས་ ཨར་རྐུན་འབད་འབདཝ་མེདཔ་མ་ཚད་ མོར་ཕུ་ལའི་ བྱང་ཆུབ་མཆོད་རྟེན་སློངས་སློངསམ་མེདཔ་ལས་ ཆེ་མཐོ་ཁྲིམས་འདུན་གྱིས་ ཞིབ་དཔྱད་གནང་དགོ་ཟེར་ཨིན་པས།
མཐོ་གཏུགས་པ་གིས་ ཞུ་མིའི་ནང་ མོར་ཕུ་ལའི་ མཆོད་རྟེན་དེ་ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ཚེས་༡ ལས་༥ གི་བར་ན་སློངས་ཏེ་ ནང་གཟུངས་བཏོན་འབག་ནུག་ཟེར་ཨིན་རུང་ དེ་བསྒང་ ཁོ་ར་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་ཅི་ཟེར་ཨིནམ་ད་ ཁོ་ར་ སྤྱི་ཟླ་༡༡ པའི་ཚེས་༤ ལུ་ ཁྱིམ་ནང་ལོག་ལྷོད་དེ་ ཉིནམ་༣ གྱི་རྒྱབ་ལས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
དྲུང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་དང་འཁྲིལ་བ་ཅིན་ ཝམ་རོང་གི་ ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཅན་ལས་ འཕྱོག་བཟུང་འབད་མི་ བྱུ་རུ་དང་ ཕོརཔ་ཚུ་ མོར་ཕུ་ལ་བྱང་ཆུབ་མཆོད་རྟེན་གྱི་ ནང་གཟུངས་ལྷག་ལུས་ཡོད་མིའི་ བྱུ་རུ་དང་ ཕོརཔ་གི་ ངོ་རྟགས་ཚུ་ ཅོག་འཐདཔ་ཡོད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ ཉེས་ཁྲིམས་བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་གིས་ ཞུ་མི་ཚུ་ལུ་ ཞིབ་དཔྱད་གནང་འོང་ཟེར་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ ཁོ་གིས་ཞུ་མིའི་ བརྒལ་ལན་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རེས་གཟའ་ལྷག་པ་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།
No comments:
Post a Comment