མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ རྒྱང་བསྒྲགས་རེ་ཌིའོ་གིས་ བརྡ་དོན་སྤེལ་ནི་ལུ་ ཕན་ཐབས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
མཐའ་ཟུར་གཡུས་ཚན་ཚུ་ནང་ མེད་ཐབས་མེདཔ་ཅིག་ཨིན་མི་ རེ་ཌིའོ། |
དེ་འབདཝ་ལས་ ས་གནས་ཀྱི་ མི་སེར་ཚུ་གིས་ དཔལ་འབྱོར་གོང་འཕེལ་དང་འབྲེལ་བའི་ བརྡ་དོན་གནས་ཚུལ་ཚུ་ ལེགས་ཤོམ་ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
མཐའ་ཟུར་གྱི་ ས་གནས་ཚུ་ནང་ རྒྱང་མཐོང་ཊི་བི་དང་ གསར་ཤོག་ཚུ་ ས་གནས་གཞན་ཁར་བཟུམ་སྦེ་ ཐོབ་སྤྱོད་འབད་མ་ཚུགས་ནི་དེ་གིས་ མི་སེར་བརྒྱ་ཆ་༨༠ དེ་ཅིག་གིས་ རྒྱང་བསྒྲགས་རེ་ཌིའོ་དེ་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
གསང་སྦས་ཁ་མོ་ཆུ་གི་དམངས་མི་ བསམ་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཉམ་ཆུང་ཚུ་གིས་ རྒྱང་བསྒྲགས་རེ་ཌིའོ་ ཉོ་མ་ཚུགས་ཏེ་འབད་རུང་ མང་ཤོས་ཅིག་གིས་ར་ ལག་ལེན་འཐབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱང་མཐོང་ཊི་བི་དང་ གསར་ཤོག་ཚུ་ མ་ཐོབ་པའི་བསྒང་ལས་ རྒྱང་བསྒྲགས་རེ་ཌིའོ་ ལག་ལེན་མ་འཐབ་པར་ བྱ་ཐབས་མིན་འདུག་ཟེར་ཨིནམ་ད་ དེ་མེན་པ་ཅིན་ རྒྱལ་ཁབ་ཀྱི་གནས་སྟངས་དང་ དཀའ་ངལ་ དེ་ལས་ ལས་རིམ་ག་ཅི་རང་ཡོད་རུང་ ཤེས་མི་ཚུགས་ནི་མས་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་དོ་བཟུམ་ཅིག་ཨིན་ཟེར་ཨིན་པས།
དཀའ་ངལ་དང་ གནས་སྟངས་ཚུ་ ཧ་གོ་བའི་བསྒང་ལས་ ས་གནས་མཐའ་ཟུར་ལུ་ སྡོད་མི་ཚུ་གིས་ཡང་ དེ་བཟུམ་མའི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ཤེས་གཞན་བཏོན་ནི་ལུ་ བརྩོན་ཤུགས་བསྐྱེད་ཚུགས་ནི་མས་ཟེར་ཨིན་པས།
བསམ་གྲུབ་ཀྱིས་ དྲོ་པ་ཆུ་ཚོད་༡ དང་ ཕྱི་རུ་ཆུ་ཚོད་༡ གི་རིང་ ཨ་རྟག་ར་ རྒྱང་བསྒྲགས་རེ་ཌིའོ་ནང་ གནས་ཚུལ་ཚུ་ ཉན་ནི་ཡོད་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་རྡོ་རྗེ་གིས་ བསམ་བཤད་འབད་མི་དང་འཁྲིལཝ་ད་ རྒྱང་བསྒྲགས་རེ་ཌིའོ་རྐྱངམ་གཅིག་མེན་པར་ ག་དེམ་ཅིག་སྦེ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གསར་ཤོག་ཚུ་ཡང་ འཐོབ་ཚུགས་པའི་ མཐུན་རྐྱེན་ཅིག་ བཙུག་གནང་པ་ཅིན་ མཐའ་ཟུར་གྱི་ མི་སེར་ཚུ་ལུ་ ལྷག་པར་དུ་ ཕན་ཐབས་འབྱུང་ནི་མས་ཟེར་ཨིན་པས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ རྒྱང་བསྒྲགས་རེ་ཌིའོ་ནང་ མ་ཐོན་མི་ གནས་ཚུལ་གལ་ཅན་ ལ་ལུ་ཅིག་ གསར་ཤོག་ཚུ་ནང་ ཐོན་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་རྟག་ར་ རྒྱང་བསྒྲགས་རེ་ཌིའོ་ལུ་ བརྟེན་སྡོད་ནི་དེ་ཡང་ འཕྲལ་འཕྲལ་ འཕྲུལ་ལྟོ་རྫོགས་པའི་བསྒང་ལས་ འབད་ཐབས་ག་ཅི་ཡང་ མིན་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲི་མངའ་གསོལ་མ་མཛད་པའི་ཧེ་མར་ མོ་ཆུ་ལས་ དམངས་མི་ བསམ་གྲུབ་ཀྱིས་ རྒྱང་མཐོང་ཌིཤ་ཊི་བི་ཅིག་ ཉོ་ཡོདཔ་ཨིན་པས།
ཁོ་གིས་ རྒྱང་མཐོང་ཌིཤ་ཊི་བི་དེ་ལུ་ གོང་ཚད་དངུལ་ཀྲམ་༡༡,༠༠༠ སྤྲོད་དེ་ ཉོ་སྒྲུབ་འབད་དེ་ གཡུས་ཁར་ འབག་བསྐྱལ་ཡོདཔ་ཨིན་རུང་ ལཱ་འབད་མ་བཏུབ་ལས་ ཁྱིམ་གྱི་གི་ཁུག་ཅིག་ནང་ ལུས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ རྒྱང་མཐོང་ཌིཤ་ཊི་བི་ ཉོ་དགོ་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ དུས་སྟོན་ཁྱད་པར་ཅན་ཚུ་ མཇལ་ཚུགས་ནིའི་དོན་ལུ་དང་ རྒྱང་མཐོང་གནས་ཚུལ་ཚུ་ མི་མང་ལུ་ སྤེལ་ཐབས་ཀྱི་དོན་ལུ་ཨིན་ཟེར་ སླབ་ཨིན་པས།
ག་དེམ་ཅིག་སྦེ་ རྒྱང་མཐོང་ཌིཤ་ཊི་བི་ ལག་ལེན་འཐབ་བཏུབ་པ་ཅིན་ ཁོ་གིས་ ས་གནས་ཀྱི་མི་ཚུ་ལས ཏི་རུ་དུམ་གྲ་རེ་ བསྡུ་ལེན་འབད་དེ་ ཞབས་ཏོག་སྤྲོད་ནི་གི་ ཁས་བླངས་འབད་ཡི་ཟེར་ཨིན་པས།
ད་ལྟོ་བཟུམ་འབད་བ་ཅིན་ རྒེད་འོག་༣ ཆ་རང་ནང་ བརྡ་དོན་གནས་ཚུལ་ ཐོབ་སྤྱོད་འབད་ནིའི་དོན་ལུ་ རྒྱང་བསྒྲགས་རེ་ཌིའོ་ རྐྱངམ་གཅིག་ལས་བརྒལ་ མཐུན་རྐྱེན་གཞན་མེདཔ་ཨིན་པས།
སྐྱེས་ལོ་༦༧ ལང་མི་ སྐལ་བཟང་གིས་འབད་བ་ཅིན་ གནས་ཚུལ་ཉན་ནིའི་དོན་ལུ་ ད་ལྟོ་ཚུན་ཚོད་ རྒྱང་བསྒྲགས་རེ་ཌིའོ་དེ་ར་ ལག་ལེན་འཐབ་སྡོད་ཅི་ཟེར་ཨིན་པས།ཨིན་རུང་ ཤུལ་ལས་ སྣུམ་འཁོར་གྱི་ལམ་དང་ གློག་མེའི་མཐུན་རྐྱེན་ཚུ་ ལྷོད་པའི་བསྒང་ལས་ གསར་ཤོག་དང་ རྒྱང་མཐོང་ཊི་བི་ཚུ་ཡང་ ལྷོད་ཚུགས་པའི་རེ་བ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment