སྐྱེས་ལོ་༡༦ ལང་མི་ཆོས་སྐྱིད་ཀྱིས་ ཨོམ་དཀྱོགས་པའི་བསྒང་། |
དེ་ཡང་ ཆོས་སྐྱིད་ཀྱི་ བཟའ་ཚང་ཚུ་ ཕ་ལས་བུ་བརྒྱུད་དེ་ ཕམ་མའི་ས་གཞིས་དང་ རྒྱུ་དངོས་ཟེར་རུང་ ག་ནི་ཡང་མེད་པར་ ཀྲོང་གསར་གྲྭ་ཚང་གི་ གཡག་འཚོ་སྐྱོང་འཐབ་སྡོད་མི་ཅིག་ཨིནམ་ལས་ མོ་གིས་ དུས་ཚོད་མང་ཤོས་ར་ ནགས་ཚལ་ནང་ གཡག་དང་གཅིག་ཁར་ རྫོགས་དོ་ཡོདཔ་ཨིན་པས།
ཆོས་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་སྤུན་ཆ་༥ ཡོད་པའི་གྲས་ལས་ ཆུང་ཤོས་མོ་ཨིན་རུང་ ཕམ་གཉིས་ལུ་ གཡག་འཚོ་མིའི་ ཆ་རོགས་མེད་ནི་དེ་གིས་ སློབ་གྲྭ་ནང་དཔེ་ཆ་ལྷབ་པར་འགྱོ་མ་ཚུགས་ཟེར་ཨིནམ་ད་ ད་ལྟོ་ མོ་དང་འདྲ་མཉམ་ཚུ་ སློབ་གྲྭ་ནང་ འགྱོ་ས་མཐོངམ་ད་ བློ་ཕམ་བྱུངམ་མས་ཟེར་ཨིན་པས།
ཆོས་སྐྱིད་ཀྱི་ཕོ་རྒནམ་ ཡེ་ཤེས་ཀྱིས་ སྤྱི་ལོ་༢༠༠༤ ལུ་ སློབ་རིམ་༡༠ པ་མཇུག་བསྡུ་བའི་ཤུལ་ལུ་ གྲྭ་ཚང་གི་གཡག་འཚོ་མི་མེདཔ་ལས་ གཞུང་གི་ལཱ་གཡོག་མ་འཚོལ་བར་ གཡུས་ཁར་ གཡག་འཚོ་སྡོད་ཅི་ཟེར་ཨིན་པས།
ཁོང་གིས་ གྲྭ་ཚང་གི་གཡག་འཚོ་སྐྱོང་འཐབ་སྟེ་ མི་རབས་གསུམ་སོང་ཡོད་པའི་ཁར་ ཁོང་ལུ་ས་གཞིས་ཟེརཝ་ མེད་ནི་དེ་གིས་ གྲྭ་ཚང་གི་ས་ཆ་ནང་ ཁྱིམ་ཐོག་གཉིས་འབད་མི་ཅིག་ རྐྱབ་ཡོད་རུང་ ད་ལྟོ་ ཁྲམ་གྲྭ་ཚང་གི་མིང་ཐོ་ཁར་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གྲྭ་ཚང་གི་ གཡག་འཚོ་ནི་དེ་ འཇམ་ཏོང་ཏོ་ཅིག་མེན་པས་ཟེར་བཤད་མི་དེ་ཡང་ གཡག་ཚུ་ལུ་ གཅན་གཟན་སེམས་ཅན་ཚུ་གིས་ གནོདཔ་བཀལ་ཏེ་ རོ་འཚོལ་མ་ཐོབ་པ་ཅིན་ ཚབ་མ་སྦེ་ ཁོང་རའི་གཡག་ཚུ་ བཙུགས་དགོ་པས་ཟེར་ཨིན་པས།
གཡག་བྱང་སྟོར་ཤོར་མི་ཚུ་གི་ མགུ་ཏོ་དང་ རྐང་ལག་བཞི་བཏོན་ནི་ཡོད་པ་ཅིན་ ཚབ་མ་སྤྲོད་མི་དགོ་ཟེར་ཨིནམ་ད་ འཕྲམ་ཁམས་ཅིག་ཁར་ ཀྲོང་གསར་དང་ ཡོ་སྟོང་ལ་གི་བར་ན་ལས་ གཡག་༧ བྱང་མིའི་གྲས་ལས་ གཡག་གསུམ་གྱི་རོ་ ད་ལྟོ་བར་ན་ཡང་ འཚོལ་མ་ཐོབ་ཟེར་ཨིན་པས།
གྲྭ་ཚང་གི་ཁ་ཐུག་ལས་ གཡག་འཚོ་མི་ལུ་ ཐོབ་ཐངས་ཟེར་རུང་ ལོ་ཅིག་ནང་ ཆུམ་ཀེ་ཇི་༥༠ འབད་མི་ དོས་༥ དང་ གཡག་ལུ་བྱིན་ནིའི་ཚྭ་ ཀེ་ཇི་༥༠ དེ་ལས་ ལོ་བསྟར་བཞིན་དུ་ གོ་དང་དཀྱི་ར་གཉིས་མ་གཏོགས་མེདཔ་ལས་ དེ་གིས་ལང་མ་ཚུགས་པའི་ཁར་ དུས་ཀྱི་འགྱུར་བ་དང་བསྟུནམ་ད་ དངུལ་ཕོགས་དགོས་མཁོ་ཡང་འདུག་ཟེར་ ཡེ་ཤེས་ཀྱིས་ བཤདཔ་ཨིན་པས།
གྲྭ་ཚང་གི་ གཡག་བསྡོམས་༨༠ དེ་ཅིག་ཡོད་མི་ལུ་བརྟེན་ དེ་ཚུ་འཚོ་སྐྱོང་འཐབ་ནིའི་དོན་ལུ་ ཉུང་ཤོས་མི་གསུམ་དེ་ཅིག་དགོ་པས་ཟེར་ཨིནམ་ད་ ཉིན་ནུབ་མེད་པར་ གཡག་འཚོ་སྐྱོང་འཐབ་སྡོད་པའི་བསྒང་ལས་ རང་གི་ཁྱིམ་ནང་ ཕམ་གཉིས་ལུ་ ཆ་རོགས་ཡང་ འབད་མི་ཚུགས་པས་ཟེར་ ཡེ་ཤེས་ཀྱིས་བཤདཔ་ཨིན་པས།
ཀྲོང་གསར་གྲྭ་ཚང་གི་ སྐུ་སྒེར་དྲུང་ཆེན་ ཀུན་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གྲྭ་ཚང་གིས་ གཡག་གསོ་སྐྱོང་འཐབ་ནིའི་ལུགས་སྲོལ་དེ་ འབྲུག་རྒྱལ་གཉིས་པའི་སྐབས་ལས་ར་ གྲྭ་ཚང་དགེ་འདུནམ་ཚུ་ལུ་ གསོལ་ཇ་དྲང་ནི་དང་ དཀར་མེ་ཕུལ་ནིའི་དོན་ལུ་ གཞི་བཙུགས་འབད་ནུག་ཟེར་ཨིནམ་ད་ དེ་མ་ཚད་ ཕར་ཚུར་འགྲོ་འགྲུལ་འབདཝ་ད་ དོས་ཚུ་གཡག་ཚུ་གུ་བཀལ་ཏེ་ མི་སེར་ཚུ་ དོས་འབག་ནི་ལས་ བཀྲིན་བསྐྱང་ཡོདཔ་ལས་ རྒྱལཔོ་རིམ་བྱོན་ཚུ་གིས་ གསོལ་རས་བཟུམ་ཅིག་སྦེ་ གནང་ནུག་ཟེར་ཨིན་པས།
གྲྭ་ཚང་གི་མིང་ཐོ་ཁར་ གཡག་༣༥༠ དེ་ཅིག་ཡོད་མི་ཚུ་ ཆུ་སྨད་རྒེད་འོག་ལས་ བཟའ་ཚང་གཉིས་དང་ ཆོས་འཁོར་རྒེད་འོག་ལས་ བཟའ་ཚང་གཉིས་ཀྱིས་ འཚོ་སྐྱོང་འཐབ་དོ་ཡོདཔ་ད་ ལག་ལེན་དེ་ དང་ཕུ་ ཕམ་གྱི་སྐབས་ལས་ར་འདུག་ཟེར་ ཀུན་ལེགས་ཀྱིས་བཤདཔ་ཨིན་པས།
ཨིན་རུང་ གཡག་འཚོ་སྐྱོང་འཐབ་སྡོད་མིའི་གྲས་ལས་ ཆུ་སྨད་རྒེད་འོག་ལས་ ཡེ་ཤེས་ཀྱི་བཟའ་ཚང་རྐྱངམ་གཅིག་ལུ་ ས་གཞིས་མེད་པའི་ དཀའ་ངལ་ཡོདཔ་མ་གཏོགས་ གཞན་ཚུ་ལུ་ དཀའ་ངལ་མེད་ཟེར་ཨིན་པས།
གྲྭ་ཚང་གི་མིང་ཐོ་ཁར་ གཡག་འཚོ་སྐྱོང་འཐབ་ནིའི་དོན་ལུ་ ཆུ་སྨད་དང་ ཆོས་འཁོར་རྒེད་འོག་གཉིས་ནང་ རྩྭ་འབྲོག་ ཨེ་ཀར་སྟོང་ཕྲག་ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment