སྒྲུབ་ཆེན་གྱི་མཐོང་སྣང་། |
ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་པའི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ བཀའ་དམ་བླམ་ ཀརྨ་དབང་འདུས་ཀྱིས་ དབུ་བཞུགས་ཐོག་ལས་ བཀའ་དམ་དགོན་པའི་ མཚམས་པ་དང་ སྒོམ་ཆེན་ཞལ་གྲངས་༦༦ དེ་ཅིག་གིས་ གནང་དོ་ཡོདཔ་ད་ སྒྲུབ་ཆེན་གྱི་མ་དངུལ་དེ་ བཀའ་དམ་སྒྲུབ་ཆེན་ཚོགས་པ་གིས་ ཕུལཝ་ཨིན་པས།
ད་རེས་ནངས་པ་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་གནང་སར་ ཉིན་བསྟར་བཞིན་དུ་ མོང་སྒར་ལས་ དད་ཅན་གྱི་ཞི་གཡོགཔ་དང་ ཚོང་པ་ དེ་ལས་ སྐྱ་སེར་ཕོ་མོ་བརྒྱ་ལས་བཅད་དེ་ འཛོམས་དོ་ཡོདཔ་ད་ ཁ་ཙ་ སྨན་སྒྲུབ་དང་ ཞི་རྒྱས་དབང་དྲག་གི་སྦྱིན་བསྲེག་ཚུ་ཡང་ གནང་ཡོདཔ་ཨིན་པས།
སྒྲུབ་ཆེན་འགོ་འདྲེན་འཐབ་མི་ དགོན་པའི་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་ སྒྲུབ་ཆེན་གྱི་སྐོར་ལས་ ཀུན་གསལ་ལུ་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ སྤྱིར་འཇིག་རྟེན་གྱི་ཁམས་འདི་ནང་ སངས་རྒྱས་ཀྱི་བསྟན་པ་ མི་ཉམས་གོང་དུ་འཕེལ་ནི་དང་ དེ་འཛིན་གྱི་སྐྱེས་བུ་དམ་པ་ཚུ་ སྐུ་ཚེ་ཞབས་པད་བརྟན་ནི་ དེ་ལས་ འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ འཁོར་བའི་སྡུག་བསྔལ་ལས་འགྲོལ་ནི་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་གི་ མི་མཐུན་པའི་རྐྱེན་ངན་ཚུ་ལས་བཟློག་སྟེ་ ཞི་བདེ་འབྱུང་ཐབས་ལུ་ཨིན་ཟེར་ཨིན་པས།
རང་ཟླ་༣ པའི་ཚེས་༧ ལས་འགོ་བཙུགས་མི་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་དེ་ ཟླཝ་འདི་གི་ ཚེས་༡༥ ལུ་ དངོས་གྲུབ་བླངས་བའི་ དབང་གནང་ཐོག་ལས་འགྲོལ་གནང་ནི་ཨིན་པས།
མོང་སྒར་བཀའ་དམ་དགོན་པ་ལུ་ སྒོམ་ཆེན་ཞལ་གྲངས་༧༠ དང་ མཚམས་བཅད་སྡོད་མི་༡༡ དགོན་པ་ལུ་མ་ཎི་བགྱངས་སྡོད་མི་༣༠ དེ་ཅིག་ཡོདཔ་ལས་ དགོན་པ་དེ་ཁར་ རང་ཟླ་༡ པ་ལས་འགོ་བཟུང་ ལོ་བསྟར་གྱི་ སྨོན་ལམ་ཆེན་མོ་དང་ ཕུར་པ་གནམ་ལྕགས་སྤུར་གྲིའི་སྒྲུབ་ཆེན་ བདེ་ཆེན་ཞིང་སྒྲུབ་ བཛྲ་གུ་རུའི་དུང་སྒྲུབ་ཚུ་བསག་གནང་ནི་ཡོད་པའི་ཁར་ ན་ཧིང་ལས་ ལོ་བསྟར་གྱི་ཚེས་བཅུ་ཡང་ འགོ་བཙུགས་ཡོད་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།
No comments:
Post a Comment