གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེབ་སྦྱིས་གཡུས་ཚན་ནང་ མོ་བཏབ་ཀྱི་དོན་ལུ་ ཨ་ལཱན་ཅི་འཛུགས་སྐྱོང་འབད་དེ་ཡོདཔ།

ཤེབ་སྦྱིས་གཡུས་ཚན་ནང་ འཛུགས་སྐྱོང་འབད་མི་ ཨ་ལཱན་ཅི་ཚུ།
༤/༥/༢༠༡༢

༉ ཧཱ་གསང་སྦས་དང་ དགའ་སྐྱིད་གླིང་རྒེད་འོག་ དེ་ལས་ བསམ་རྩེ་དུམ་སྟོད་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་ འཚོ་སྐྱོང་འཐབ་ནིའི་དོན་ལུ་ དངུལ་ཐོག་གཙོ་བོ་ར་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ལོ་ངོ་དག་པ་ཅིག་གི་ཧེ་མར་ ཨ་ལཱན་ཅི་གི་ ནད་གཞི་ཐོན་མི་ལུ་བརྟེན་ཏེ་ འབབ་ཁུངས་ལེགས་ཤོམ་ཅིག་ བཟོ་མ་ཚུགས་པའི་ཁར་ ས་ཐག་རིང་ནི་དེ་གིས་ སྐྱེལ་འདྲེན་འབད་ནི་ལུ་ཡང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།



གསང་སྦས་རྒེད་འོག་ ཤེབ་སྦྱིས་ལས་ སྐྱེས་ལོ་༧༤ ལང་མི་ ཨཔ་དོ་ཏི་གིས་ བཤད་དོ་བཟུམ་འབད་བ་ཅིན་ གསང་སྦས་དང་ དགའ་སྐྱིད་གླིང་རྒེད་འོག་གི་ མི་སེར་ག་ར་ ཨ་ལཱན་ཅི་ལུ་ བརྟེན་སྡོད་མི་ཅིག་ ཨིན་ཟེར་ཨིནམ་ད་ ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མར་ ཨ་ལཱན་ཅི་གི་ ནད་གཞི་ཐོན་མི་ལུ་བརྟེན་ འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལཱན་ཅི་མེན་པའི་ ལོ་ཐོག་དང་ ཚོད་བསྲེའི་རིགས་ཚུ་ ཆ་མཉམ་ར་འཚོ་རུང་ བཙོང་ནིའི་དོན་ལུ་ ས་ཐག་རིང་ནི་དེ་གིས་ བཙོང་མི་ཚུགས་པས་ཟེར་ཨིན་པས།
ད་རེས་ནངས་པ་ ཤིང་འབྲས་དང་ ཚོད་བསྲེ་ཚུ་གིས་ གོང་ཚད་ལེགས་ཤོམ་ཐོབ་དོ་ཡོདཔ་ཨིན་རུང་ ཧཱ་དང་ བསམ་རྩེའི་ཁྲོམ་གང་རུང་ནང་ འགྱོ་ནིའི་དོན་ལུ་ ཉིན་ལམ་༣ དེ་ཅིག་ ལམ་འགྱོ་དགོ་ནི་དེ་གིས་ ཁེ་སང་འཐོབ་ནི་ཕར་བཞག་ ད་རུང་ བཙོང་སར་ལྷོད་པའི་བསྒང་ལས་ ཚོད་བསྲེ་ཚུ་ རུལ་ནིའི་ཉན་ཁ་སྦོམ་འདུག་ཟེར་ དོ་ཏི་གིས་ བཤདཔ་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ཏེ་ ས་གནས་ཀྱི་ མི་སེར་ཚུ་གིས་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ ག་ཅི་ར་ཨིན་རུང་ རང་ལངམ་ཅིག་མ་གཏོགས་ དེ་བ་ལྷགཔ་སྦེ་ བཙུག་ནི་མེད་ཟེར་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་མདོ་ཆེན་ བཙན་སྐྱོགས་ནོར་བུ་གིས་ སླབ་མིའི་ནང་ ལོ་ངོ་དག་པ་ཅིག་གི་ ཧེ་མ་ལས་ར་ ཨ་ལཱན་ཅི་གི་ ཤིང་ཚུ་ལུ་ ནད་ཟུན་མི་དེ་ བདེན་ཟེར་ཨིནམ་ད་ ཨིན་རུང་ ཨ་ལཱན་ཅི་གི་སོན་གསརཔ་ ད་ལྟོ་ གསང་སྦས་རྒེད་འོག་ ཤེབ་སྦྱིས་གཡུས་ཚན་ནང་ མོ་བཏབ་ཀྱི་དོན་ལུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གྲུབ་འབྲས་ལེགས་ཤོམ་ཐོན་པ་ཅིན་ མི་སེར་ཚུ་ལུ་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།
ཨ་ལཱན་ཅི་གསརཔ་ བཙུགས་ཞིནམ་ལས་ ལོ་༣ གྱི་རིང་ རྡོག་མ་བཏགས་ནི་མེདཔ་ད་ དེ་ལས་ རང་ཟླ་༨ པ་དེ་ཅིག་ཁར་ རྡོག་པ་བཏགས་དོ་ཡོདཔ་བཞིན་དུ་ རྡོག་མ་ག་དེ་སྦེ་ འཐོན་འོང་ག་ཟེར་བའི་ ཚ་གྱང་ལང་དགོཔ་ཐོནམ་མས་ཟེར་ སྐྱེས་ལོ་༤༤ ལང་མི་ ཚེ་དབང་གིས་ བཤདཔ་ཨིན་པས།
གསང་སྦས་ཁ་དང་ དགའ་སྐྱིད་གླིང་གི་གཡུས་ཚན་ཚུ་ ཁྲོམ་ཁ་ལས་ ཐག་རིང་ནི་དེ་གིས་ འཚོ་སྐྱོང་གཙོ་བོ་ར་ ཨ་ལཱན་ཅི་ལུ་བརྟེན་སྡོད་མི་ཅིག་འབད་ནི་དེ་གིས་ ཨ་ལཱན་ཅི་འཛུགས་སྐྱོང་མ་འཐབ་མི་ མི་ཕུད་རྡོག་ཅིག་ཡང་ མེདཔ་ཨིན་པས།
ཨ་ལཱན་ཅི་གི་ རྡོག་མ་ཚུ་ བཏོག་ཞིནམ་ལས་ སྐམ་སྟེ་འབག་ནི་དེ་གིས་ རུལ་ནི་གི་ ཚ་གྱང་མེདཔ་ཨིན་པས།
སྐྱེས་ལོ་༤༠ ལང་མི་ སྐལ་བཟང་དབང་མོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ས་གནས་ནང་ སྣུམ་འཁོར་གྱི་ལམ་དེ་ར་ ལྷོད་པ་ཅིན་ གཡུས་ཁའི་ དཀའ་ངལ་ཚུ་ག་ར་ བསལ་ཚུགས་ནི་མས་ཟེར་ཨིན་པས།
སྣུམ་འཁོར་ལམ་ཐོན་པའི་བསྒང་ལས་ ས་གནས་ཀྱི་ ཐོན་སྐྱེད་ཚུ་ག་ར་ ཁྲོམ་ཁར་འབག་སྟེ་ བཙོང་ཚུགས་ནི་དེ་གིས་ དབུལ་ཕོངས་ཀྱི་ དཀའ་ངལ་ཡང་ མི་འོང་ནི་ཨིནམ་མ་ཚད་ མི་སེར་ཚུ་ག་ར་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ གཡུས་ཁ་ལུ་སྡོད་མི་ཚུ་ དཀའཝ་དཔྱད་དགོ་ནི་དེ་གིས་ ཁོང་གི་ ཨ་ལུ་ཚུ་ དཔེ་ཆ་ཨ་རྩི་རེ་ལས་བརྒལ་མ་ལྷབ་རུང་ གཡུས་ཁར་ལཱ་འབད་ནི་བ་ གཞན་ཁ་ལས་ཕར་ གཡོག་ཆུང་ཀུ་རེ་ འཚོལ་འགྱོ་ནི་ལུ་ དགའ་མི་ཙང་ཙ་མས་ཟེར་ཨིན་པས།
དེ་འབདཝ་ད་ ཤུལ་ལས་ གཡུས་ཁར་སྡོད་མི་མེད་པར་ གཡུས་སྟོངམ་སྦེ་ ལུད་ནིའི་ཉན་ཁ་ཡང་ སྦོམ་སྦེ་ར་ འདུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ གཡུས་ཁ་ལུ་ གློག་མེ་དང་ སྣུམ་འཁོར་ལམ་ཚུ་ལྷོད་པ་ཅིན་ ན་གཞོན་ཚུ་གིས་འབད་རུང་ སོ་ནམ་ཞིང་ལཱ་འབད་དེ་ ཚོང་འབྲེལ་འཐབ་སྡོད་ནི་གི་ གོ་སྐབས་སྦོམ་ར་འདུག་ཟེར་ སྐལ་བཟང་དབང་མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment