གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁག་༣ གྱི་ གཞུང་ལམ་བདའ་སྟེ་ ཞིབ་དཔྱད་འབད་ནི།

ཟླ་༣ པའི་ཚེས་༢༧།
༡༧/༥/༢༠༡༢

༉ ད་རེས་ནངས་པ་ སྣུམ་འཁོར་བཏང་མི་ཚུ་གིས་ ཐིམ་ཕུ་དང་ བར་སྦིས་སའི་ མགྱོགས་ལམ་ཁར་རྐྱངམ་གཅིག་ ཤུགས་ཚད་དང་ལྡནམ་སྦེ་ བཏང་དོ་ཡོདཔ་ཨིན་རུང་ མགྱོགས་ལམ་དེ་བརྒལ་བའི་བསྒང་ལས་ ཤུགས་ཚད་ལས་བརྒལ་ཏེ་ བཏང་འགྱོ་དོ་ཡོད་མི་ཚུ་ ད་ལས་ཕར་ ཁྲིམས་སྲུང་འགག་པའི་སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱིས་ ལྟ་རྟོག་འབད་ཐོག་ལས་ ཉེས་བྱ་བཀལ་ནི་ཨིན་པས།


ཁྲིམས་སྲུང་འགག་པའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དབྱེ་ཞིབ་ཀྱི་དོན་ལུ་ ཐིམ་ཕུ་དང་ དབང་འདུས་ཕོ་བྲང་ དེ་ལས་ སྤ་རོ་གི་གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཤུགས་ཚད་བལྟ་ཞིབ་ཀྱི་ འཕྲུལ་ཆས་ལག་ལེན་འགོ་བཙུག་ནི་ཨིན་ཟེར་ ཨིན་པས།
ཧེ་མ་འབད་བ་ཅིན་ དབྱེ་ཞིབ་ཀྱི་ ལས་རིམ་ཚུ་ ཁྲོམ་ལྟེ་བའི་ས་ཁོངས་ ཁག་དག་པ་ཅིག་ནང་མ་གཏོགས་ གཞན་ཁར་ལག་ལེན་འཐབ་ནི་མེད་རུང་ ཁ་ཙ་ལས་ འགོ་བཙུགས་ཏེ་ ཐིམ་ཁྲོམ་དང་ ལྕང་ལམ་ ཆུ་རྩལ་ཁང་གི་ས་ཁོངས་ ཚོད་བསྲེ་ཁྲོམ་ འབྱུང་བཞི་ནང་ པཱམ་མཚོ་གི་ ས་གནས་ཚུ་ནང་ ཧང་སྟོང་མར་ ཞིབ་དཔྱད་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཁ་ས་གྲབ་ཅུ་དང་ དམ་ཆུ་ འོད་གསལ་སྤང་ བླམ་དཔལ་རིའི་ས་ཁོངས་ཚུ་ནང་ ལས་རིམ་ འགོ་བཙུག་ནི་ཨིནམ་ལས་ ལས་རིམ་ནང་ གཙོ་བོ་ར་ སྣུམ་འཁོར་གྱི་ཤུགས་ཚད་དང་ སྣུམ་འཁོར་གྱི་ ཡིག་ཆ་ དེ་ལས་ ཆང་འཐུང་མ་འཐུང་ཚུ་ དབྱེ་ཞིབ་འབད་ནི་ཨིན་པས།
དེ་གི་སྐབས་ལུ་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་དང་ སྣུམ་འཁོར་གཏང་ནིའི་ཆོག་ཐམ་མེད་མི་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༡,༧༥༠ རེ་དང་ ཧེ་མ་ལས་ བཀག་བཞག་མིའི་ སྣུམ་འཁོར་ཚུ་ ལོག་འཐོན་འགྱོ་མ་ཚུགསཔ་སྦེ་བཀག་མི་ ད་ གདོང་ཁར་ཐོན་འགྱོ་མི་ དེ་ལས་ སྡོད་ཁྲིའི་བསྡམ་ཐག་ ལག་ལེན་མ་འཐབ་པར་ སྣུམ་འཁོར་བཏང་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༦༠༠ རེ་ བཀལ་ནི་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ལས་རིམ་དེ་ ལྟེ་བ་ལུ་འབད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ བྱ་སྟབས་བདེ་ཧིང་དང་འཁྲིལ་ རྫོང་ཁག་གཞན་ཚུ་ནང་ཡང་ ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཐོའི་ནང་གི་གསལ་བཀོད་དང་འཁྲིལཝ་ད་ ད་ཚུན་ ལམ་ལུགས་ལས་བརྒལ་བའི་ འགྲོ་འགྲུལ་འབད་མི་ དེད་གཡོགཔ་༤༡༠༣ ལུ་ ཉེས་ཆད་ དངུལ་ཀྲམ་༤༨,༤༨,༩༧༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཐོ་བཀོད་དང་འཁྲིལཝ་ད་ ཉིན་བསྟར་བཞིན་དུ་ དེད་གཡོགཔ་༢༤ དེ་རེ་གིས་ ཁྲིམས་ལུགས་མ་འཁྲིལ་བའི་ལཱ་བྱ་འཐབ་མི་ཐོན་དོ་ཡོདཔ་ད་ དེད་གཡོག་ཆོག་ཐམ་༡༠༨ དོང་སྤེད་ཡོདཔ་མ་ཚད་༢ ཆ་མེད་བཏང་ཡི་ཟེར་ཨིན་པས།
ད་ཚུན་གྱི་ནང་འཁོད་ སྣུམ་འཁོར་རྐྱེན་ངན་༤༦༤ བྱུང་ས་ལས་༣༧༧ ཐིམ་ཕུའི་ས་ཁོངས་ནང་ཨིནམ་ད་ རྫོང་ཁག་གཞན་ཚུ་ནང་༨༧ ལས་མེད་པའི་ཁར་ མི་གྲངས་༢༡ ལུ་ ཤི་རྐྱེན་དང་༡༤༡ ལུ་ རྨ་སྐྱོན་ཚུ་ བྱུང་ཡོདཔ་ཨིན་པས།
སྣུམ་འཁོར་རྐྱེན་ངན་ཚུ་ཡང་ གཙོ་བོ་ར་ ཆང་འཐུང་མི་དང་ སྣུམ་འཁོར་བཏང་ནིའི་ཆོག་ཐམ་མེད་མི་  འཕྲུལ་ཆས་མེདཔ་ཐལ་མི་ ལམ་གྱི་གནས་སྟངས་དང་ གནམ་གཤིས་གནས་སྟངས་སྐྱོ་དྲགས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment