༡༧/༥/༢༠༡༢
གསུང་སྐད་འགྲན་བསྡུར་ལུ་བརྟེན་ ཞབས་ཁྲ་ལེ་ཤ་ཅིག་ར་ ཤེས་ཚུགས་པའི་ཁར་ རྫོང་ཁ་སླབ་ནི་ཡང་ ཡར་དྲག་སོང་ཡི་ཟེར་ཨིན་པས།
ཆ་གླིང་གཡུས་ཚན་གྱི་ སོ་ནམ་པ་དང་ ཨ་ལུ་ཚུ་ ཚོང་ཁང་ཅིག་ནང་ སྤུངས་འཛོམས་ཐོག་ལས་ གསུང་སྐད་འགྲན་བསྡུར་ལྟ་སྡོད་པའི་བསྒང་། |
དེ་ཡང་ ད་རེས་ནངས་པ་ འབྲུག་གི་ཁྱད་འཕགས་ཅན་ཟེར་མི་ གསུང་སྐད་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ མོང་སྒར་རྫོང་ཁག་ ཆ་གླིང་གཡུས་ཚན་བཟུམ་ཅིག་ནང་ འགྱོ་བལྟ་བ་ཅིན་ མི་སེར་སོ་ནམ་པ་ཚུ་གིས་ཡང་ རང་སོའི་ཁྱིམ་ནང་ རྒྱང་མཐོང་ཊི་བི་བཙུགས་མ་ཚུགས་རུང་ ཆ་རོགས་དང་ ཁྱིམ་ཚང་ དེ་ལས་ ཉེ་འདབས་ཀྱི་ ཚོང་ཁང་ཚུ་ནང་འགྱོ་ཞིནམ་ལས་ བདུན་ཕྲག་ཅིག་ཡང་ མ་ཆད་པར་ ལྟ་དོ་ཡོདཔ་ཨིན་པས།
བདུན་ཕྲག་ཨ་རྟག་ར་ གསུང་སྐད་འགྲན་བསྡུར་བལྟ་ནི་ལུ་ སྤྲོ་བ་ཡོད་མི་ སོ་ནམ་པ་ ཀརྨ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ འགོ་འདྲེན་འཐབ་མི་ གསུང་སྐད་འགྲན་བསྡུར་ཚུ་ ཁོ་རའི་ཁྱིམ་ནང་ རྒྱང་མཐོང་ཊི་བི་མེད་རུང་ ཚོང་ཁང་དང་ ཆ་རོགས་ཚུ་གི་ ཁྱིམ་ནང་སོང་སྟེ་ ཚར་གཅིག་ཡང་ མ་ཆད་པར་ལྟ་ཡི་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་ཁྱད་འཕགས་ཅན་གྱི་ འགྲན་བསྡུར་ཡང་ སྤྲོ་བ་ཐེབས་ཅིག་ར་ བྱུང་དོ་ཡོདཔ་ལས་ གསུང་སྐད་འགྲན་བསྡུར་ལུ་བརྟེན་ ཞབས་ཁྲ་ཡང་ ལེ་ཤ་ཅིག་ར་ ཤེས་ཚུགས་ཅི་ཟེར་བཤད་པའི་ཁར་ དེ་བཟུམ་གྱི་ སྤྲོ་བའི་ལས་རིམ་ལུ་བརྟེན་ རྫོང་ཁའི་ཁ་སྐད་ཡང་ ཤེས་ཚུགས་དོ་ཡོདཔ་ལས་ ཁོ་གིས་ ཁོ་རའི་བཟའ་ཚང་གི་དོན་ལུ་ མགྱོགས་པ་ར་ རྒྱང་མཐོང་ཊི་བི་ཅིག་ ཉོ་དགོ་པས་ཟེར་སླབ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༤ ལང་མི་ སངས་རྒྱས་ཀྱིས་ཡང་ དེ་བཟུམ་གྱི་ ལས་རིམ་ཚུ་ བལྟ་ནིའི་དོན་ལུ་ ཊི་བི་ཉོ་ནིའི་ མནོ་བསམ་བཏང་དོ་ཟེར་ཨིནམ་ད་ ཁོ་གིས་ བདུན་ཕྲག་ཨ་རྟག་ར་ འབྲུག་གི་གསུང་སྐད་འགྲན་བསྡུར་ བལྟ་ནིའི་དོན་ལུ་ གཡུས་ཚན་གྱི་མཇུག་ལུ་ཡོད་པའི་ འཕྲིན་ལས་ཚོང་ཁང་ནང་ འགྱོ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ གསུང་སྐད་འགྲན་བསྡུར་བལྟ་ནི་དེ་ སྤྲོ་བ་ཐེབས་ཅིག་ར་ བྱུངམ་མས་ཟེར་ཨིན་པས།
འཕྲིན་ལས་ཚོང་ཁང་ནང་ བདུན་ཕྲག་ཨ་རྟག་ར་ དེ་བཟུམ་གྱི་ འགྲན་བསྡུར་ལས་རིམ་ལྟ་མི་༢༠ དང་༣༠ རེ་ འཛོམས་དོ་ཡོདཔ་ད་ དེ་ཡང་ མང་ཤོས་ར་ གཡུས་ཁ་ལུ་ཡོད་པའི་ན་གཞོན་ སོ་ནམ་པ་ བུམོ་ཚུ་ཨིནམ་མ་ཚད་ རྒན་ཤོས་ཚུ་ཡང་ འོང་དོ་ཡོདཔ་ཨིནམ་ལས་ ཁོང་ཆ་ཁྱབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གསུང་སྐད་འགྲན་བསྡུར་གྱི་སྐབས་ལུ་ རང་གི་ཁྱིམ་ནང་ ལཱ་ཕྱམ་ཕྱིམ་རེ་ འབད་ནི་ཡོད་རུང་ བཤོལ་བཞག་སྟེ་ ལྟདམོ་ལྟ་བར་ འགྱོ་ནི་ཡོད་ཟེར་ཨིན་པས།
ལྟདམོ་ལྟ་བར་འོང་མི་ཚུ་གིས་འབད་རུང་ རྩིས་ཤོག་ཚུ་ཉོ་སྟེ་ རང་སོའི་རྣ་བ་ལུ་ སྐད་ཧན་ཧིང་དང་འཁྲིལ་ཏེ་ དངུལ་ཀྲམ་༢༠ དང་༥༠ འི་བར་ན་ ཚོགས་རྒྱན་ཚུ་ བཙུག་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ ལྟདམོ་ག་དེམ་ཅིག་ བལྟ་བར་འགྱོ་རུང་ ཚོགས་རྒྱན་ཚུ་ བཙུག་ནི་མེདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ གཡུས་གོ་ནང་ རྒྱང་མཐོང་ལེ་ཤ་མེདཔ་ལས་ ཡོད་མི་ཚུ་གིས་ཡང་ དེ་བཟུམ་གྱི་ གསུང་སྐད་འགྲན་བསྡུར་ལ་སོགས་པའི་ ལས་རིམ་མེད་མི་ལུ་བརྟེན་ གློག་བརྙན་གྱི་ སྒྲ་འཛིན་འཁོར་ལོ་ཚུ་ཉོ་སྟེ་ ཚོང་འབྲེལ་ཕྱམ་ཕྱིམ་རེ་ འཐབ་ཡོད་རུང་ ད་རེས་ནངས་པ་ དེ་བཟུམ་གྱི་ སྤྲོ་བའི་ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ཡང་ གཅིག་ཤུལ་གཉིས་ཤུལ་སྦེ་ རྒྱང་མཐོང་ཊི་བི་ཚུ་ ཉོ་ནི་འགོ་བཙུགས་ཏེ་ཡོད་ཟེར་ འཕྲལ་ཁམས་ཅིག་ཁར་ རྒྱང་མཐོང་ཊི་བི་ཉོ་མི་ སོ་ནམ་པ་ཅིག་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ དེ་བཟུམ་གྱི་ མཐུན་རྐྱེན་ཚུ་མེདཔ་ལས་ གྲོང་གསེབ་ཀྱི་ མི་སེར་ཚུ་གིས་ ག་ཅི་ཡང་མི་ཤེས་ཟེར་ཨིནམ་ད་ ད་རེས་ནངས་པ་ དེ་བཟུམ་གྱི་ ལས་རིམ་དང་ མཐུན་རྐྱེན་ཚུ་ ཉོ་ཚུགས་ནི་དེ་གིས་ ཁྲོམ་དང་ གྲོང་གསེབ་༢ ཀྱི་ མི་ཚེའི་གནས་སྟངས་དེ་ ཁྱད་པར་སྦོམ་ཅིག་ བཟོ་མི་ཚུགས་ནི་མས་ཟེར་ཨིན་པས།
གསུང་སྐད་འགྲན་བསྡུར་བལྟ་ནི་ལུ་ སྤྲོ་བ་སྦོམ་ཡོད་མི་ཅིག་ སྐྱེས་༢༢ ལང་མི་ ཡེ་ཤེས་སྒྲོལ་མ་ཨིནམ་ད་ མོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མོ་རའི་ཁྱིམ་ནང་ ལཱ་ཕྱམ་ཕྱིམ་རེ་འབད་ནི་ཡོད་རུང་ བཀོག་བཞག་སྟེ་ གསུང་སྐད་འགྲན་བསྡུར་ ལྟ་སྡོདཔ་ཨིན་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ མོ་ར་ གཞན་གྱི་ལཱ་སར་འགྱོ་བའི་སྐབས་ གསུང་སྐད་འགྲན་བསྡུར་བལྟ་ནི་ མ་ཐོབ་པའི་སྐབས་ལུ་ སེམས་ཁར་ ག་ཅི་ཅིག་ མ་ཚངམ་བཟུམ་ འབད་ནི་འདུག་ཟེར་སླབ་ཨིན་པས།
མོ་གིས་ ཞབས་ཁྲ་ཚུ་གི་གྲས་ལས་ གཞུང་སྒྲ་དང་ བོད་སྒྲ་ལུ་ སྤྲོ་བ་སྦོམ་ཅིག་མེད་རུང་ རིག་གསར་གྱི་ ཞབས་ཁྲ་ཚུ་དགའ་དོ་ཡོདཔ་ལས་ གསུང་སྐད་འགྲན་བསྡུར་ལུ་བརྟེན་ མོ་གིས་ཡང་ རིག་གསར་གྱི་ ཞབས་ཁྲ་མ་ཚད་ གཞུང་སྒྲ་དང་ བོད་སྒྲ་ཡང་ དག་པ་ཅིག་ ཤེས་ཚུགས་ཅི་ཟེར་ ཨིན་པའི་གནས་ཚུལ།
བདེ་ཆེན་ཚེ་རིང་།
No comments:
Post a Comment