༡༧/༥/༢༠༡༢
བཱན་གཱཌ་གཙུག་ལག་སློབ་སྡེ་(ཁེན་འཇར་དཀརཔོ་)དང་ འབྲུག་རྒྱལ་ཡོངས་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་། |
རྒྱལ་ཡོངས་བཱསི་ཀེཊ་བཱོལ་རྩེད་འགྲན་པའི་ སྡེ་ཚན་དང་ ཀ་ལི་ཕརོ་ནི་ཡའི་ སློབ་ཕྲུག་བུཚ་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་གཅིག་གི་ནང་འཁོད་ འབྲུག་པའི་སྡེ་ཚན་གྱིས་ སྐུགས་༦ ཐོབ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ཐོབ་མ་ཚུགསཔ་ཨིན་པས།
སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་དེ་ ཀོ་ཊར་༡ པའི་དུས་ཚོད་ཚངམ་ད་ འབྲུག་པའི་སྡེ་ཚན་གྱིས་ སྐུགས་༡༨ དང གཞན་མི་སྡེ་ཚན་གྱིས་སྐུགས་༡༢ ཐོབ་ཡོདཔ་ཨིན་པས།
ཀོ་ཊར་སྐོར་ཐེངས་ ༢ པའི་སྐབས་ལུ་ ཀ་ལི་ཕོར་ནི་ཡའི་སྡེ་ཚན་གྱིས་ རྩེད་འགྲན་ལེགས་ཤོམ་འབད་དེ་ སྐུགས་༢༧ ལུ་འདྲན་འདྲ་ལྷོད་ཡོདཔ་ད་ ཀོ་ཊར་སྐོར་ཐེངས་༣ པའི་ནང་ འབྲུག་པའི་སྡེ་ཚན་གྱིས་ སྐུགས་༤༣ བཟོ་བའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༣༩ ཐོབ་ནུག།
ལྟདམོ་ལྟ་མི་ཚུ་གིས་འབད་བ་ཅིན་ འབྲུག་པའི་སྡེ་ཚན་གྱིས་ དེ་བཟུམ་གྱི་རྩེད་འགྲན་འབད་ཚུགས་པའི་ མནོ་བསམ་མེད་པའི་ཁར་ ལ་ལུ་ཅིག་གིས་ ཀ་ལི་ཕོར་ནི་ཡ་གིས་ རྒྱལ་ཁ་འཐོབ་ཚུགས་འོང་ཟེར་ ལོ་རྒྱུས་འདྲ་མིན་སླབ་སྟེ་ སྡོད་ཡོདཔ་ཨིན་པས།
དེ་ལས་ ཀོ་ཊར་སྐོར་ཐེངས་༤ པ་འགོ་བཙུགས་ཏེ་ འབྲུག་པའི་སྡེ་ཚན་གྱིས་ ག་དེ་ཅིག་དོ་འགྲན་འབད་རུང་ སྐོར་ཐེངས་དེ་ནང་ སྐུགས་༥༠ ལས་ཐོབ་མ་ཚུགསཔ་ད་ གཞན་མི་སྡེ་ཚན་གྱིས་ སྐུགས་༦༤ ཐོབ་ནི་དེ་གིས་ འབྲུག་པའི་སྡེ་ཚན་དེ་ཕམ་བཏང་ཡི།
འབྲུག་པའི་བུམོ་གི་སྡེ་ཚན་དང་ ཀ་ལི་ཕོར་ནི་ཡའི་ བུམོ་གི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་པའི་སྡེ་ཚན་གྱིས་ དོ་འགྲན་འབད་མ་ཚུགས་པར་ ཕམ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ འབྲུག་བཱསི་ཀེཊ་ཚོགས་པ་དང་ ཀ་ལི་ཕོར་ནི་ཡ་ བཱན་གཱཌ་གཙུག་ལག་སློབ་སྡེའི་སློབ་ཕྲུག་ཚུ་ མཐུན་ལམ་ལེགས་ལྡན་བྱུང་ཐབས་ལུ་ རྩེད་འགྲན་འབད་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment