གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཅན་གཟན་སྟག་གི་ འགྲུལ་སྐྱོད་བརྟག་ཞིབ།

༥/༥/༢༠༡༢

ནགས་ཚལ་ལས་བྱེདཔ་ཚུ་གིས་ གཅན་གཟན་སྟག་འཁྱམས་སའི་ ས་ཁོངས་བརྟག་ཞིབ་འབད་བའི་བསྒང་།
༥/༥/༢༠༡༢

༉ རྒྱལ་ཡོངས་མ་ནཱསི་གླིང་ཁ་ལས་ མཁའ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ཚུན་ སྐྱེ་ལྡན་བར་འཁྱམས་ཚུ་གི་ མཐུད་མཚམས་ཚུལ་ལྡན་ཐོག་ ཚན་རིག་གི་ གཞི་ས་ཅིག་ བཟོ་ཐབས་ལུ་ རྒྱལ་ཡོངས་མ་ནཱསི་གླིང་ཁ་གིས་ བར་འཁྱམས་ས་ཁོངས་ཚུ་ནང་ གཅན་གཟན་སྟག་གི་ འགྲུལ་སྐྱོད་ལུ་ བརྟག་ཞིབ་ཅིག་ འབད་བའི་བསྒང་ཡོདཔ་ཨིན་པས།


རྒྱལ་ཡོངས་མ་ནཱསི་གླིང་ཁའི་ སྐྱེ་ལྡན་བར་འཁྱམས་ཚུ་ ཤར་ཁ་ཐུག་ལུ་ མཁའ་གླིང་རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ ནུབ་ཁ་ཐུག་ལུ་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་དང་ སྦྲེལ་མཐུད་འབད་དེ་ཡོདཔ་ད་ མཁའ་གླིང་དང་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་༢ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ ལག་ལེན་འཐབ་འོང་ཟེར་ གླིང་ཁའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
གླིང་ཁ་ནང་ གཅན་གཟན་སྟག་༢༥ ལས་༣༥ གི་བར་ན་ཡོད་པའི་ཁར་ ཕར་ཚུར་རྒྱུན་འགྲུལ་མངམ་འབད་མི་ལུ་བརྟེན་ སྟག་ཚུ་འཁྱམས་སྡོད་སའི་ ས་ཁོངས་ཚུ་ སྦྲེལ་མཐུད་འབད་ནིའི་དོན་ལུ་ བརྟག་ཞིབ་འབད་ནི་དེ་ གལ་ཆེཝ་སྦེ་ ཐོན་སོ་ཡི་ཟེར་ རྒྱལ་ཡོངས་མ་ནཱསི་གླིང་ཁའི་ གླིང་སྐྱོང་འགོ་དཔོན་དང་ ཞིབ་འཚོལ་འགོ་དཔོན་ རྡོ་རྗེ་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གླིང་ཁ་ནང་ སྟག་གི་གྱངས་ཁ་དེམ་ཅིག་ཡོད་མི་དེ་ རི་དྭགས་ཉམས་སྲུང་སྡེ་ཚན་དང་ ཨྱོན་དབང་ཕྱུག་ཉམས་སྲུང་དང་ མཐའ་འཁོར་གནས་སྟངས་སྤེལ་ཁང་ རྒྱལ་ཡོངས་མ་ནཱསི་གླིང་ཁ་༣ མཉམ་འབྲེལ་ཐོག་ལས་ པར་ཆས་བཙུགས་བཞག་མི་ཚུ་ནང་ཚུད་མི་ པར་ཚུ་ལས་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
འཐུས་མི་༡༠ རེ་ཡོད་མི་ བརྟག་ཞིབ་སྡེ་ཚན་༢ ཀྱིས་ སྤྱི་ཟླ་༤ པའི་ཚེས་༢༣ ལས་ བརྟག་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ལས་ དུས་ཡུན་ཟླཝ་༡ ནང་ མཇུག་བསྡུ་ནི་ཨིནམ་ད་ རྒྱལ་ཡོངས་མ་ནཱསི་གླིང་ཁ་དང་ ཕིབ་སུ་བར་འཁྱམས་ས་ཁོངས་སྡེ་ཚན་ནང་ དགེ་ལེགས་ཕུག་དང་ གསར་སྤང་ རྩི་རང་ནགས་ཚལ་གླིང་སྐྱོང་སྡེ་ཚན་ཚུ་དང་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ཀྱི་ ལས་བྱེདཔ་ཚུ་ཡོདཔ་ད་ རྒྱལ་ཡོངས་མ་ནཱསི་གླིང་ཁ་དང་ མཁའ་གླིང་རི་དྭགས་སྲུང་སྐྱོབ་ཀྱི་ བར་འཁྱམས་སྡེ་ཚན་ནང་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ བང་ཊར་ ཌའི་ཕམ་ནགས་ཚལ་གླིང་སྐྱོང་གི་ ལས་གཡོགཔ་ཚུ་ཡོདཔ་ཨིན་པས།
བརྟག་ཞིབ་དེ་གིས་ བར་འཁྱམས་ས་ཁོངས་ཚུ་ གཅན་གཟན་ཚུ་གིས་ ཕན་ནུས་ཅན་སྦེ་ ལག་ལེན་འཐབ་མི་དང་ སྟག་གི་གྱངས་ཁ་ ཏན་ཏན་སྦེ་ ཧ་གོ་ཚུགས་ནི་ འབྲེལ་ཡོད་ལས་སྡེ་ ནགས་ཚལ་སྡེ་ཚན་དང་ གླིང་ཁ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ཚུ་ སྦྲེལ་མཐུད་འབད་སའི་ སྐྱེ་ལྡན་ས་མཚམས་ཚུ་ དྭངས་གསལ་བཟོ་ཐབས་ལུ་ཨིན་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པས།
རྒྱལ་ཡོངས་མ་ནཱསི་གླིང་ཁ་དེ་ སྤྱི་ལོ་༡༩༦༦ ལུ་ འགོ་བཙུགས་ཡོདཔ་ལས་ རྒྱལ་ཁབ་ནང་ རི་དྭགས་སྲུང་སྐྱོབ་ས་ཁོངས་རྙིང་ཤོས་ཅིག་ཨིནམ་ད་ གླིང་ཁ་དེ་ལུ་ ས་རྒྱ་ཀི་ལོ་མི་ཊར་གྲུ་བཞི་༡,༠༥༧ ཡོད་མིའི་ནང་ སྐྱེ་ཤིང་རིགས་སྣ་༩༠༠ ལྷགཔ་ཅིག་དང་ འོ་འཐུང་སེམས་ཅན་གྱི་རིགས་༦༠ བྱ་རིགས་༤༣༡ ཡོད་ཟེར་ རྡོ་རྗེ་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་བྲིས་ལས་བྱེདཔ།

No comments:

Post a Comment