གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལག་ཤེས་སྦྱོང་བརྡར་གྱི་ སློབ་སྟོན་པ་༡༡ ཁ་ཙ་ ནེ་པཱལ་ལུ་སོང་ཡོདཔ།

༥/༥/༢༠༡༢

༉ རྒྱལ་ཁབ་ཀྱི་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ གདམ་འཐུ་འབད་མི་ སློབ་སྟོན་པ་༡༤ ལས་༡༡ གིས་ སློབ་སྟོན་པའི་ ཤེས་ཚད་གོང་འཕེལ་གཏང་ཐོག་ལས་ ནེ་པཱལ་ལུ་ རང་སོའི་ ཤེས་ཚད་གོང་འཕེལ་གཏང་ནིའི་དོན་ལུ་ ཁ་ཙ་ སོང་ཡོདཔ་ཨིན་པས།


ཁོང་༡༤ གི་གྲས་ལས་༡ དགོངས་ཞུ་འབད་ཡོདཔ་ད་ གཞན་མི་༢ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཡིག་ཆ་དང་འབྲེལ་བའི་ དཀའ་ངལ་ཐོན་ཏེ་ ལུས་མི་ཚུ་ འཕྲལ་མགྱོགས་ར་ བསལ་ཐོག་ལས་ གཏང་ནི་ཨིན་པས།
སློབ་སྟོན་པ་ཚུ་གི་གྲས་ལས་ ཆུའི་མཐུད་སྦྲེལ་བཟོ་མི་དང་ འཕྲུལ་རིག་བཟོ་རིག་པ་རེ་རེ་ བཟོ་རིག་པ་༣ དེ་ལས་ རྡོ་བཟོ་བོ་དང་ གློག་རིག་ སྣུམ་འཁོར་བཟོ་རིག་པ་༢ རེ་ ཡོདཔ་ཨིན་པས།
ད་ལྟོ་ཚུན་ ཤོ་ཐེངས་དང་པའི་ནང་ མི་གྲངས་༡༡ དང་༢ པའི་ནང་༡༣ བཏང་ཡོདཔ་ད་ དེ་ཡང་ ལཱ་གི་ཉམས་མྱོང་ཚུ་ལུ་ གཞི་བཞག་ཐོག་ལས་ གདམ་འཐུ་འབད་ཡོདཔ་ཨིན་པས།
ད་ལྟོ་ སློབ་སྟོན་པ་ཚུ་ལུ་ ས་ཊི་ཕི་ཀེཊ་གི་ ཤེས་ཚད་མ་གཏོགས་མེདཔ་ད་ ཀཱཐ་མཱན་ཌུ་ལུ་ཡོད་པའི་ འཕྲུལ་རིག་སློབ་སྟོན་སློབ་སྦྱོང་ཁང་ནང་ ལོ་༡ གི་རིང་ སློབ་སྦྱོང་མཇུག་བསྡུ་བའི་བསྒང་ལས་ ཌིབ་ལོ་མའི་ ཤེས་ཚད་འཐོབ་ནི་ཨིན་པས།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མིའི་ནང་ སློབ་སྟོན་པ་ཚུ་ལུ་ དེ་བཟུམ་མའི་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ གཙོ་བོ་ར་ སློབ་སྦྱོང་པ་ཚུ་དང་ཕྱདཔ་ད་ ཁོང་གི་ཤེས་ཚད་དེ་ མཐོ་སུ་བཟོ་ནི་དང་ རྒྱལ་ཁབ་ནང་ འཕྲུལ་རིག་དང་ ལག་ཤེས་ཀྱི་ སྤུས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་གི་སྐབས་ལུ་ སློབ་སྟོན་པ་ཚུ་གིས་ སློབ་སྟོན་འཆར་གཞི་བརྩམ་ནི་དང་ ཆོས་ཚན་བཟོ་ནི་ དེ་ལས་ སློབ་སྦྱོང་པ་ཚུ་ ལྟ་རྟོག་འབད་ནིའི་སྐོར་ལས་ ལྷབ་སྦྱང་འབད་ནི་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ སློབ་སྦྱོང་གི་དོན་ལུ་སོང་མི་ སློབ་སྟོན་པ་ ལ་ལུ་ཅིག་གི་ཚབ་ལུ་ ཇའི་ཀ་དང་ གཞན་མི་ གཞུང་མིན་ལས་ཚོགས་ཚུ་ལས་ ཕྱི་རྒྱལ་གྱི་ སློབ་སྟོན་པ་ཚུ་ ལེན་ཡོད་ཟེར་ཨིན་པས།
ལཱ་གཡོག་གནས་ཚད་ལས་ཁུངས་ཀྱི་མདོ་ཆེན་ སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་གནས་སྐབས་ཅིག་ ཆ་རོགས་འབད་མི་ མཉམ་འབྲེལ་བ་ཚུ་ འཚོལ་དོ་ཟེར་ཨིནམ་ད་ ད་ལྟོ་ རྒྱལ་ཁབ་ནང་ཡོད་པའི་ སློབ་སྟོན་པ་ཚུ་གིས་ཡང་ སྦྱོང་བརྡར་གྱི་དོན་ལུ་སོང་མི་ཚུ་ ལོག་མ་ལྷོད་ཚུན་ ལཱ་ཚུ་ ཤུགས་བཏོན་ཏེ་ འབད་དགོཔ་ཡོད་ཟེར་ཨིན་པས།
སློབ་སྟོན་པ་ཚུ་ སློབ་སྦྱོང་མཇུག་བསྡུ་སྟེ་ རྒྱལ་ཁབ་ནང་ ལོག་ལྷོད་པའི་བསྒང་ལས་ གོ་གནས་ཡར་སེང་ཚུ་ བྱིན་ཐོག་ལས་ ཁོང་རའི་ལཱ་ཚུ་ནང་ ལོག་བཙུག་ནི་ཨིན་ཟེར་ཨིན་པས།
སློབ་སྦྱོང་ལས་རིམ་དེ་གི་དོན་ལུ་ སློབ་སྦྱོང་གི་སྐབས་ ཟླ་རིམ་ཟད་འཐུས་བྱིན་མི་ཚུ་ མ་བརྩི་བར་ ཡུ་ཨེསི་ཌོ་ལར་༡༠༥,༠༠༠ མི་སྡེའི་ལས་རིམ་ཐོག་ལས་ ཌེ་ནི་ཌ་གིས་ བཏང་ཡོདཔ་ཨིན་པས།
བློན་པོ་རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ རྒྱལ་ཁབ་ནང་ ཉམས་མྱོང་ཅན་གྱི་ ལས་མི་ཚུ་མེད་པའི་ དཀའ་ངལ་ཡོདཔ་ད་ སྦྱོང་བརྡར་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment