༉ འབྲུག་ལྟ་བཤལ་ཚོགས་སྡེའི་ སྤྱི་ལོ་༢༠༡༡ གི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་འདི་ ལྟ་བཤལ་གྱི་དོན་ལུ་ ལམ་འགྲུལ་མཐུན་རྐྱེན་གྱི་ཐད་ལས་ དོ་འགྲན་ཅན་ཅིག་ཨིན་པའི་ ངོས་འཛིན་འབད་ཡོད་མི་དེ་ གོང་འཕེལ་གཏང་ཐབས་ལུ་ བརྩོན་ཤུགས་བསྐྱེད་བཞིན་དུ་ཡོད་ཟེར་བཀོད་ནུག།
དེ་ཡང་ ལྟ་བཤལ་ཚོགས་སྡེ་གིས་འབད་བ་ཅིན་ དཔེ་འབད་བ་ཅིན་ ལྟ་བཤལ་པའི་གྱངས་ཁ་ ཡར་སེང་འགྱོ་བའི་གནས་སྟངས་དང་འཁྲིལ་ འགྲུལ་སྐྱོད་ཀྱི་ བྱ་སྟབས་བདེ་ཐབས་ལུ་ འབྲུག་མཁའ་འགྲུལ་གྱིས་ཡང་ གནམ་གྲུའི་གྱངས་ཁ་ ཡར་སེང་འབད་ཡོདཔ་མ་ཚད་ ལྟ་བཤལཔ་ཚུ་ འབྲུག་ནང་འཁོད་ལུ་ འགྲུལ་སྐྱོད་འབད་ནི་གི་ ཆོག་ཐམ་དགོ་པའི་ ལམ་ལུགས་དེ་ཡང་ ལྟ་བཤལཔ་ཚུ་གི་བདེ་ཐབས་ལུ་དམིགས་ཏེ་ མེདཔ་བཟོ་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་ རྒྱ་བསྐྱེད་འབད་མི་དང་ སྤ་རོ་དང་ རྒྱ་གར་བག་ཌོ་རའི་བར་ན་ མཁའ་འགྲུལ་གྱི་ བརྒྱུད་ལམ་གཞི་བཙུགས་འབད་མི་དེ་གིས་ སི་ཀིམ་དང་ དར་ཇི་གླིང་ ཀ་ལིམ་པོང་ཚུ་ནང་ལས་ ལྟ་བཤལ་འབད་བར་ འོང་འདོད་ཡོད་མི་ཚུ་ལུ་ བྱ་སྟབས་བདེ་དྲགས་བཟོ་ཡོདཔ་མ་ཚད་ སྣུམ་འཁོར་ལམ་གྱི་མཐུན་རྐྱེན་ཡང་ ལེགས་བཅོས་སྦོམ་སྦེ་ར་ འབད་ཡོདཔ་ཨིན་ཟེར་ཨིན་པས།
ལྟ་བཤལ་གྱི་ མཐུན་རྐྱེན་གོང་འཕེལ་ནང་ བསྒྱུར་བ་གཙོ་བོ་ཅིག་ ན་ཧིང་ མཁའ་འགྲུལ་ཞབས་ཏོག་དེ་ སྒེར་སྡེ་ལུ་ཡང་ གོ་སྐབས་བྱིན་ཐོག་ལས་ སྒེར་གྱི་མཁའ་འགྲུལ་ཞབས་ཏོག་ འགོ་བཙུགས་མི་དེ་ཨིན་ཟེར་ ལྟ་བཤལ་ཚོགས་སྡེ་གིས་ བཤད་པའི་ཁར་ ནང་འཁོད་གནམ་ཐང་ གཞི་བཙུགས་ཐོག་ མཁའ་འགྲུལ་གྱི་ཞབསཏོག་ གཞི་བཙུགས་འབད་མི་དེ་གིས་ འབྲུག་ནང་འཁོད་ལུ་ འགྲུལ་བསྐྱོད་བྱ་སྟབས་བདེ་དྲགས་ སོང་ཡོདཔ་ཨིན་ཟེར་ཨིན་པས།
འབྲུག་ལུ་འོང་མི་ ལྟ་བཤལཔ་ཡོངས་བསྡོམས་ལས་ བརྒྱ་ཆ་༨༥.༩༨ གྱིས་ འབྲུག་ལུ་ གནམ་གྲུ་ནང་འོང་ནི་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ད་ ལྷག་ལུས་ བརྒྱ་ཆ་༡༤ ལྷགཔ་ཅིག་གིས་ སྣུམ་འཁོར་ནང་ འོང་དོ་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
ན་ཧིང་ འབྲུག་ལུ་ ལྷོ་ཨེ་ཤ་ཡ་ལུང་ཕྱོགས་ལས་མེན་པའི་ ཕྱིའི་ལྟ་བཤལཔ་ཡོངས་བསྡོམས་༦,༤༢༨ འོང་ཡོད་པའི་ཁར་ ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ལས་ འོས་འབབ་ཅན་གྱི་ལྟ་བཤལཔ་ ཡོངས་བསྡོམས་༦,༥༦༠ དེ་ཅིག་ འོང་ཡོདཔ་ཨིན་པས།
འབྲུག་ལུ་ གནམ་གྲུ་ནང་འོང་སའི་ མཁའ་འགྲུལ་བརྒྱུད་ལམ་ཚུ་གི་གྲས་ལས་ ལྟ་བཤལཔ་མང་ཆེ་ཤོས་ར་ ཐའི་ལེནཌི་གི་ བེང་ཀོག་གནམ་ཐང་དང་ ནེ་པཱལ་གྱི་ ཀཱཐ་མཱན་ཌུ་གནམ་ཐང་ དེ་ལས་ རྒྱ་གར་གྱི་ ལྡི་ལི་གནམ་ཐང་༣ བརྒྱུད་དེ་ འོང་དོ་ཡོདཔ་ཨིན་རུང་ རྒྱ་གར་ ག་ཡ་ལུ་ཡང་ གནམ་གྲུའི་བརྒྱུད་ལམ་ གཞི་བཙུགས་འབད་བའི་ཁར་ བསམ་གྲུབ་ལྗོངས་མཁར་ལས་ཡང་ ལྟ་བཤལཔ་ཚུ་གི་དོན་ལུ་ འཛུལ་སྒོ་ཐོན་སྒོ་གཞི་བཙུགས་འབད་མི་དེ་ཡང་ ལག་ལེན་འཐབ་མི་འཕྲལ་འཕྲལ་ར་ ཐོན་དོ་ཟེར་ཨིན་པས།
ན་ཧིང་ ལྟ་བཤལ་པ་བརྒྱ་ཆ་༡.༨ ཀྱིས་ འབྲུག་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ འཛུལ་སྒོ་ལས་ འོང་ཡོདཔ་ད་ ལྟ་བཤལཔ་བརྒྱ་ཆ་༤.༣༢ ཀྱིས་ ལོག་འགྱོཝ་ད་ བསམ་གྲུབ་ལྗོངས་མཁར་ལས་སྦེ་ སོང་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་གྱི་སྒོ་ར་དེ་ ལྟ་བཤལ་པའི་དོན་ལུ་ སྒོ་ཕྱེ་མི་དེ་ ལག་ལེན་ ཡར་སེང་འགྱོ་དོ་ཟེར་ཨིན་པས།
མཁའ་འགྲུལ་ཞབས་ཏོག་ལག་ལེན་ཐོག་ འབྲུག་ལུ་འོང་མི་ ལྟ་བཤལཔ་བརྒྱ་ཆ་༣༩ ལྷགཔ་ཅིག་གིས་ བེང་ཀོག་ལས་ འོང་ཡོདཔ་ད་ དེ་ལས་ བརྒྱ་ཆ་༢༤ ལྷགཔ་ཅིག་གིས་ ཀཱཐ་མཱན་ཌུ་དང་ བརྒྱ་ཆ་༡༤ ལྷགཔ་ཅིག་གིས་ ལྡི་ལི་ལས་ འོང་ཡོདཔ་ཨིན་པས།
དེ་ལས་ བརྒྱ་ཆ་༥ ལྷགཔ་ཅིག་གིས་ ཀཱོལ་ཀ་ཏ་ལས་སྦེ་ འོང་ཡོདཔ་ད་ བརྒྱ་ཆ་༡ ལྷགཔ་ཅིག་གིས་ བག་ཌོ་ར་ལས་ དེ་ལས་ བང་ལ་དེཤ་གི་ ཌ་ཀ་དང་ རྒྱ་གར་གྱི་ས་གནས་ གོ་ཧ་ཊི་དང་ གཱ་ཡ་ལས་འོང་མི་ ཡོངས་བསྡོམས་བརྒྱ་ཆ་༠.༠༤ དེ་ཅིག་ཨིན་པས།
འཁོར་ལམ་བརྒྱུད་དེ་ སྣུམ་འཁོར་ནང་འོང་མི་ ལྟ་བཤལཔ་དེ་ མང་ཤོས་ར་ ཕུན་ཚོགས་གླིང་ལས་ཨིནམ་ད་ སྣུམ་འཁོར་ནང་འོང་མི་ ལྟ་བཤལཔ་ཚུ་གི་དོན་ལུ་ བརྒྱུད་ལམ་ གཙོ་ཅན་ཅིག་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment