གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་ཚུ་ནང་ རྫོང་ཁའི་ཆོས་ཚན་རྩ་གཞུང་ འགོ་བཙུག་ནི།

༥/༥/༢༠༡༢

༉ རྒྱལ་ཁབ་ཀྱི་ དགོན་སྡེ་དང་ ལྷ་ཁང་ ཨ་ནེམོ་གྲྭ་ཚང་ དེ་ལས་ བཤད་གྲྭ་ཚུ་ནང་ རྫོང་ཁའི་ཆོས་ཚན་རྩ་གཞུང་གསརཔ་འགོ་བཙུག་ནི་ཨིནམ་ལས་ དེའི་སྐོར་ལས་ ཁ་ཙ་ རྒྱལ་ས་ལུ་སྦེ་ ཆོས་སྡེ་ལྷན་ཚོགས་ཀྱི་འགོ་དཔོན་དང་ ཆོས་ཚན་རྩ་གཞུང་ཚོགས་ཆུང་གི་ འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གྲོས་འཆམ་བྱུང་ནུག།


སྲོལ་འཛིན་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་གོངམ་ ཕུར་པ་གིས་ སླབ་མིའི་ནང་ ཆོས་སྡེ་ཚུ་ནང་ རྫོང་ཁའི་ཆོས་ཚན་གཞི་བཙུགས་འབད་དགོ་པའི་སྐོར་ལས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ འབྲུག་གི་ཆོས་སྡེའི་གཙོ་འཛིན་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ ཆོས་ཚན་དགོཔ་སྦེ་ ཞུཝ་བཞིན་དུ་ ཚོགས་ཆུང་གིས་ གྲོས་ཐག་བཅད་ཅི་ཟེར་ཨིན་པས།
རྫོང་ཁ་ལུ་ གཙོ་བོ་མ་བཏོན་མི་ ཆོས་སྡེ་ཚུ་གིས་ རྫོང་ཁའི་ཡིག་སྡེབ་ལྷབ་ནི་དང་ ཁ་སྐད་སླབ་ནི་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིནམ་ད་ ཆོས་སྡེ་མང་ཤོས་ཅིག་ནང་ རྫོང་ཁའི་འབྲི་ལྷག་ལེགས་ཤོམ་ ཤེས་མི་མིན་འདུག་ཟེར་ཨིན་པས།
ཕུར་པ་གིས་འབད་བ་ཅིན་ ཆོས་ཚན་དེ་གིས་ ཡི་གུ་གཏོང་ལེན་དང་ སྐད་ཡིག་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིནམ་ད་ ཆོས་ཚན་དེ་ སང་ཕོད་ཟླཝ་དང་པ་ལས་ འགོ་བཙུག་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁའི་མཁས་མཆོག་ ཀརྨ་རིག་འཛིན་གྱིས་འབད་བ་ཅིན་ རྫོང་ཁའི་ཆོས་ཚན་གྱིས་ ཆོས་སྒོར་ཞུགས་མི་རྐྱངམ་གཅིག་མིན་པར་ སྤྱིར་བཏང་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིནམ་ད་ རྫོང་ཁ་དེ་ གཞུང་སྐད་ཅིག་ཨིན་རུང་ འབྲུག་མི་མང་ཤོས་ཅིག་གིས་ དེ་ལུ་ སྤྲོ་བ་མི་བསྐྱེདཔ་ལས་ ཆོས་སྡེ་ཚུ་གིས་ སྤྲོ་བ་ལེན་མི་དེ་ དཔེ་སྟོན་བཟང་པོ་ཅིག་ཨིན་མས་ཟེར་ཨིན་པས།
ཆོས་ཚན་རྩ་གཞུང་གི་ འཐུས་མི་ཚུ་གིས་ གཞི་རིམ་ཚུན་ སྤྱིར་བཏང་གི་ ཆོས་ཚན་ཚུ་ འགོ་བཙུག་ནི་སྦེ་ བཟོ་ཡོདཔ་མ་ཚད་ རང་སོའི་ཆོས་ལུགས་དང་འཁྲིལ་ ཆོས་ཚན་ལྷབ་ནིའི་ གོ་སྐབས་ཡང་ བྱིན་ནི་ཨིནམ་ད་ དཔེ་འབད་བ་ཅིན་ བཤེས་སྤྲིངས་བཟུམ་ཅིག་ལུ་ཡང་ རྩ་བ་དེ་ཅིག་འབད་རུང་ དེ་གི་ འགྲེལ་པ་བྲིས་མི་སོ་སོ་ཡོདཔ་ལས་ རང་སོའི་ཆོས་ལུགས་དང་ སྤྲོ་བ་དང་འཁྲིལ་ དཔེ་ཆ་ཡང་ སོ་སོ་སྦེ་ ལྷབ་ཚུགས་པའི་ གོ་སྐབས་ཚུ་ བྱིན་ནི་ཟེར་ ཕུར་པ་གིས་ སླབ་ཨིན་པས།
མཐོ་རིམ་གོང་མ་དང་ མཐོ་རིམ་ཤེས་ཡོན་གྱི་ཐད་ལུ་ལྷོདཔ་ད་ ཆོས་ཚན་དེ་ གཏན་འཁེལ་བཟོ་མ་ཚུགས་པར་ཡོདཔ་ལས་ དེའི་སྐོར་ལས་ གསུང་གྲོས་ཞིབ་པར་གནང་དགོཔ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཕུར་པ་གིས་འབད་བ་ཅིན་ ད་རེས་ ཆོས་ཚན་རྩ་གཞུང་གསརཔ་དེ་ནང་ ཨིང་སྐད་ཀྱི་ཆོས་ཚན་ཡང་ཡོདཔ་ལས་ ཨིང་སྐད་ཀྱི་ གཞི་རིམ་གནས་ཚད་དེ་ སློབ་གྲྭ་ཚུ་ནང་ བཟུམ་སྦེ་ར་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment