གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གངས་རི་ཐང་སློབ་གྲྭ་གིས་ ལམ་ལུགས་དང་འཁྲིལ་ཡོད་པའི་ངོས་འཛིན།

༥/༥/༢༠༡༢

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་ རྫོང་ཁག་ཚོགས་ཆུང་གིས་ ཞིབ་དཔྱད་འབདཝ་ད་ ཕམ་ཆ་མཉམ་ལུ་ གོ་སྐབས་འདྲ་མཉམ་བྱིན་ཡོད་པའི་མངོན་གསལ།


༉ དུས་ཅི་ སློབ་ཡུན་འགོ་བཙུགས་པའི་སྐབས་ བུམ་ཐང་གངས་རི་ཐང་མི་སྡེ་སློབ་གྲྭ་ཆུང་བའི་ དབུ་འཛིན་གྱིས་ བློ་གསར་སློབ་རིམ་ནང་ ཨ་ལུ་ཚུ་ག་ར་ འཛུལ་ཞུགས་ཚོགས་ཆུང་གིས་བཟོ་མི་ ཚད་གཞི་དང་འཁྲིལ་ བཙུགས་ཡོདཔ་ལས་ ཕྱོགས་ལྷུང་དང་ མཐུན་འགྱུར་ཐོག་ བཙུགས་ཡོད་པའི་ མངོན་གསལ་མ་བྱུངམ་ཨིན་པས།

དེ་ཡང་ ལོ་ཚད་དང་ མ་ལྡན་པའི་ ཨ་ལུ་ཚུ་ སློབ་གྲྭ་ནང་ བཙུགས་ཡོད་པའི་སྐོར་ ཨ་ལུའི་ཕམ་དག་པ་ཅིག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ གསང་བའི་སྙན་ཞུ་ཕུལ་མི་དང་འཁྲིལ་ བུམ་ཐང་རྫོང་བདག་དང་ རྫོང་ཁག་ཤེས་རིག་འགོ་དཔོན་བརྩིས་ཏེ་ འཐུས་མི་༨ འབད་མི་ སྡེ་ཚན་ཅིག་གིས་ ཞིབ་དཔྱད་འབད་དེ་ ཚུལ་མིན་ལག་ལེན་མེན་པའི་སྙན་ཞུ་ ལྷན་ཚོགས་ལུ་ ཕུལ་ཡོདཔ་ཨིན་པས།
ད་རུང་ སློབ་གྲྭའི་འཛིན་སྐྱོང་གིས་ གཞུང་གི་སྲིད་བྱུས་དང་མ་འཁྲིལ་བར་ ཨ་ལུ་སྐྱེས་ལོ་ཕྱེད་དང་༦ ལང་མི་ཚུ་ བཙུགས་མི་དེ་ཡང་ ཨ་ལུ་དེ་ ཤུལ་མའི་ལོ་ནང་ བཙུགས་པ་ཅིན་ ཟླཝ་༦ གིས་ ཕྱིས་ནི་ཨིནམ་ལས་ ཚོགས་ཆུང་བཟོ་སྟེ་ བཙུགས་ཡོད་པའི་ ངོས་འཛིན་བྱུང་ནུག།
རྫོང་ཁག་ཤེས་རིག་འགོ་དཔོན་ ལམ་གྲགས་དབང་འདུས་ཀྱིས་ འབད་བ་ཅིན་ སློབ་གྲྭ་ནང་ ཨ་ལུ་མ་ཤོང་པའི་ དཀའ་ངལ་མེད་པ་ཅིན་ གཞུང་གི་སྲིད་བྱུས་ནང་ ལོ་དྲུག་ལང་དགོཔ་སྦེ་ཡོད་རུང་ སློབ་གྲྭའི་གནས་ཚད་ནང་ དེ་བཟུམ་མའི་ ཚད་གཞི་བཟོ་ནི་གི་ དབང་ཆ་ཡོད་མི་དེ་ཡང་ སློབ་གྲྭའི་བདག་སྐྱོང་གིས་ ཨ་ལུ་ལོ་༦ ལང་མི་ཚུ་རྐྱངམ་གཅིག་ བཙུགས་པ་ཅིན་ ཨ་ལུ་ལ་ལུ་ ལོ་ཕྱེད་ཀ་དེ་ཅིག་ ཕྱིས་ཏེ་ལུས་ནི་ཨིནམ་ལས་ དབུ་འཛིན་གྱིས་ ཐབས་བྱུས་བཏོན་མི་དེ་ འོས་ལྡན་ཅིག་ཨིན་པས་ཟེར་ སླབ་ཨིན་པས།
དེ་གི་སྐོར་ལས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༤ ལུ་ ཞིབ་དཔྱད་འབད་དགོ་པའི་ བཀའ་རྒྱ་ཐོབ་པའི་ཤུལ་ལུ་ དེ་གི་ནངས་པ་ར་ རྫོང་ཁག་ཞིབ་དཔྱད་ཚོགས་ཆུང་གིས་ ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ད་རུང་ སློབ་གྲྭ་དེ་གིས་ ཕམ་ཉམ་ཆུང་ཚུ་ལུ་ ཆ་རོགས་མ་འབད་བའི་སྐོར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་བཀོད་མི་ལུ་ ཞིབ་དཔྱད་འབདཝ་ད་ ཨ་ལུའི་ཕམ་ སོ་ནམ་པ་ཨིན་མི་༡༡ དང་ ཚོང་པ་༤ ཞི་གཡོགཔ་༧ དང་ དེ་ལས་ སྒེར་སྡེ་དང་ ལས་སྡེ་ཁག་ཚུ་ནང་ ལཱ་འབད་མི་ཚུ་ཨིན་པའི་ ངོས་འཛིན་བྱུང་ནུག།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ དུས་ཅིའི་ལོ་ནང་ གནས་སོར་འོང་མི་ ཨ་ལུ་༢ དང་ ཚོགས་ཆུང་གིས་བཟོ་མི་ ཚད་གཞི་དང་འཁྲིལ་ ཨ་ལུ་༦ བཙུགས་མི་བརྩིསཝ་ད་ ཨ་ལུ་བསྡོམས་༣༢ འདུག་ཟེར་ཨིན་པས།
སྙན་ཞུ་ནང་ སློབ་གྲྭའི་ཚོགས་ཆུང་གིས་ ལོ་ཚད་ཀྱི་གནས་ཚད་ བསྒྱུར་བཅོས་འབད་མི་དེ་ཡང་ བདེན་ཁུངས་སྦོམ་བཀོད་དེ་ཡོད་པའི་ཁར་ ཕམ་ཚུ་ལུ་ གོ་སྐབས་ཡང་ འདྲ་མཉམ་བྱིན་ཡོདཔ་མ་ཚད་ སློབ་གྲྭའི་བདག་སྐྱོང་གིས་ ཚུལ་མིན་འབད་ཡོད་པའི་ མངོན་གསལ་མ་བྱུང་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment