༉ སྐྱེས་ལོ་༡༥ ལང་མི་ བཀྲིས་ཕུན་ཚོགས་དེ་ ཟླཝ་༦ དེ་ཅིག་གི་ཧེ་མར་ བྱང་སྟོར་ཤོར་ཡོདཔ་ལས་ ཁོ་ལུ་ ཉམས་མྱོང་ཐོབ་མི་དང་ འདས་པའི་ལོ་རྒྱུས་ཚུ་གི་སྐོར་ལས་ གནས་ཚུལ་བསྡུ་ལེན་པ་གིས་ དྲི་བ་བཀོད་པའི་ལན་ཚུ་སླབ་ཨིན་པས།
དེ་ཡང་ ཁོ་ག་དེ་སྦེ་ སོང་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་བཤད་མི་དང་འཁྲིལཝ་ད་ ན་ཧིང་སྤྱི་ཟླ་༩ པའི་ནང་ ཨ་རྟག་བཟུམ་སྦེ་ར་ དྲོ་པའི་ཆུ་ཚོད་༦ ལས་ལོང་ཞིནམ་ལས་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ ཊོ་ཡི་ཊ་ཧའི་ལཱགསི་བདའ་མི་ཅིག་དང་ ཕྱད་ཞིནམ་ལས་ སྣུམ་འཁོར་དེ་ནང་ འཛུལ་སོང་ཡི་ཟེར་ཨིན་པས།
དེ་ཚེ་ ཁོ་སློབ་གྲྭ་ནང་འབག་བཀལ་མིའི་ སྣུམ་འཁོར་ཅིག་ཐོབ་ཡོདཔ་ལས་ ད་རིས་འབདན་ སློབ་གྲྭ་ནང་ ཧ་སག་སྦེ་ར་ལྷོད་ནི་མས་ཟེར་ ཁོ་གིས་ མནོ་བསམ་བཏང་ཡོད་རུང་ མནོ་དོན་ལྟར་དུ་མེན་པར་ སྣུམ་འཁོར་ནང་ཡོད་མི་ མི་ངན་ཚུ་གིས་ ཁོ་ལུ་སྨྱོ་རྫས་བྱིན་ཐོག་ལས་ རྒྱ་གར་གྱི་ཁྲོམ་ཚོགས་ མུམ་བཱ་ཡེ་གི་ ཟ་ཁང་ཅིག་ནང་ དངུལ་ཕོགས་མེད་པའི་ ལཱ་གཡོག་རྒྱུགས་མི་སྦེ་ བསྐྱལ་བཞག་ཅི་ཟེར་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཁོ་ལུ་བྱ་ངན་འབད་མི་ སྣུམ་འཁོར་ཧའི་ལཱགསི་ དེད་གཡོགཔ་གི་ གདོང་དེ་ ད་ལྟོ་ཡང་ དཔྱད་རིག་བཏང་ཚུགས་པས་ཟེར་ཨིནམ་ད་ སྣུམ་འཁོར་དེ་ འདི་བཟུམ་གྱི་རྐྱེན་ངན་ཚུ་ མ་བྱུང་པའི་ཧེ་མར་ ཁོ་སྡོད་སའི་ས་ཁོངས་ནང་ ཚར་ལེ་ཤ་ཅིག་ར་འོང་སར་ མཐོང་ཅི་ཟེར་ཨིན་པས།
བྱ་ངན་འབད་བའི་སྐབས་ལུ་ སྣུམ་འཁོར་དེ་ནང་ ཕོ་སྐྱེས་༢ དང་ ཨམ་སྲུ་༡ འདུག་ཟེར་ཨིནམ་ད་ སྣུམ་འཁོར་དེ་གི་ ཅ་ལ་བཞག་སའི་ནང་ ཕད་ཙེ་སྦོམ་གཉིས་དང་ ལྟོ་གི་ཊི་ཕིན་ ཇ་དམ་ ཅ་ལ་སྤུར་ནིའི་ ཆར་ལེབ་ཚུ་འདུག་ཟེར་ཨིན་པས།
སྣུམ་འཁོར་དེ་ ཕྱི་ལས་བལྟཝ་ད་ རྙིངམ་མཚམས་སྦེ་མཐོངམ་ཨིན་རུང་ ནང་ན་ཅ་ཆས་ཚུ་ ལེགས་ཤོམ་སྦེ་བཙུགས་ཏེ་འདུག་ཟེར་ཨིནམ་ད་ དེ་ནང་ཡོད་པའི་ཕོ་སྐྱེས་གཉིསཔ་དེ་ གཟུགས་ཀྱི་རིང་ཚད་ཕིཊ་༥ ལྷགཔ་རེ་དང་ ཤ་མདོག་གནགཔོ་མཚམས་སྦེ་ཡོད་རུང་ ཨམ་སྲུ་དེ་ གཟུགས་ཐུང་ཀུ་ ཤ་དཀརཔོ་སྦེ་ འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ བཀྲིས་ཕུན་ཚོགས་དེ་ བྱང་ཡོདཔ་སྦེ་ ཐོ་བཀོད་འབད་ཡོད་རུང་ ད་རེས་ ཁོ་ར་གིས་ ངག་བརྗོད་ནང་བཀོད་མི་དང་འཁྲིལ་བའི་བསྒང་ལས་ བཙན་ཁྲིད་འབད་ཡོད་པའི་ གསལ་སྟོན་བྱུང་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ རྐྱེན་ངན་བྱུང་སའི་ས་ཁོངས་ཚུ་ པར་བཏབ་སྟེ་ཡོད་ཟེར་ཨིནམ་ད་ རྒྱུ་རྐྱེན་དེ་གི་སྐོར་ལས་ ད་ལྟོ་ འགག་པའི་སྡེ་ཚན་གྱིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
སློབ་ཕྲུག་བུཚ་དེ་ བྱང་སྟོར་ཞུགས་ཏེ་ ཟླཝ་༦ སོང་བའི་ཤུལ་ལུ་ སྤྱི་ཟླ་༥ པའི་ཚེས་༡ ལུ་ གཞལམ་སྒང་ དབང་འདུས་པཱམ་ལུ་སྦེ་ ཁོ་རའི་ཕམ་དང་ སྤུན་ཆ་ཚུ་དང་གཅིག་ཁར་ ཕྱད་ཚུགས་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment