གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་དང་ ཀུར་རི་ཟམ་པ་བར་ནའི་ ཁ་ལང་གཟི་གནས་དེ་ ཚེ་རིང་མཆེད་ལྔའི་གནས་ཨིན་པའི་ དར་ཁྱབ་སོང་ཡོདཔ།

༢/༥/༢༠༡༢

གནས་སྐོརཔ་ཚུ་གིས་ སྡིག་སྒྲིབ་དག་ནིའི་དོན་ལུ་ གནས་རྡོའི་འོག་ལས་འཛུལ་བའི་བསྒང་།
༉ འབྲུག་རྒྱལ་ཁབ་འདི་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ སྐུ་དངོས་སྦེ་ ལྗོངས་འདིའི་ལ་ལུང་དང་ རི་བྲག་ལ་སོགས་པའི་ས་ཆ་ རྟ་རྨིག་ཙམ་ཡང་མ་ལུས་པར་ ཞབས་ཀྱིས་བཅགས་གནང་སྟེ་ སྦས་གནས་ཁྱད་པར་ཅན་ཅིག་ལུ་ བཟོ་གནང་ཡོདཔ་ལས་བརྟེན་ ད་རེས་ནངས་པ་ སྐལ་བ་དང་ལྡན་མི་ཚུ་གི་དོན་ལུ་ སྦས་གནས་ཁྱད་པར་ཅན་ མང་རབས་ཅིག་ མཇལ་ནི་ཡོདཔ་ཨིན་པས།


ཨིན་རུང་ དུས་ཚོད་འ་ནེམ་ཅིག་ཁར་ སྦས་གནས་ཁྱད་པར་ཅན་ཚུ་ ཞིབ་འཚོལ་འབད་དེ་ ཐོ་བཀོད་ནང་ཚུད་དགོཔ་དེ་ གལ་ཆེ་ཤོས་ཅིག་ཨིན་རུང་ གནས་རྩ་ཅན་ཚུ་གི་སྐོར་ལས་ ཟིན་བྲིས་མ་བཀོད་པར་བཞག་པ་ཅིན་ ཤེས་མཐོང་ཅན་གྱི་མི་ཚུ་ ཚེ་ལས་འདས་པའི་སྐབས་ལུ་ ངག་རྒྱུན་དང་ ལོ་རྒྱུས་ཙམ་ཡང་མེད་མི་ལུ་འགྱུར་ཉེན་སྦོམ་ཡོདཔ་ལས་ བྱིན་ཅན་གྱི་ གནས་ཆེན་ཨིན་ན་མེན་ན་ གཞུང་གིས་ཞིབ་འཚོལ་འབད་ནི་དེ་ གལ་ཆེ་ཤོས་ཅིག་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ མི་ཚུ་གིས་ ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ མོང་སྒར་དང་ ཀུར་རི་ཟམ་པའི་བར་ན་ ས་གནས་ཁ་ལང་གཟི་ལུ་ལྷོདཔ་ད་ གཞུང་ལམ་འོག་ལུ་ རྡོ་སྦོམ་ཅིག་ མཐོང་ནི་ཡོད་མི་དེ་ མི་ཚུ་གིས་འབད་བ་ཅིན་ ཚེ་རིང་མཆེད་ལྔའི་ གནས་ཨིནམ་སྦེ་ བཤད་དོ་ཡོདཔ་ལས་ འདས་པའི་ལོ་དག་པ་ཅིག་ནང་ གནས་སྐོརཔ་མང་རབས་ཅིག་ ལྷོད་ཡོདཔ་ཨིན་པས།
གནས་དེ་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཨིནམ་ལས་ མཇལ་ནི་ལུ་ སྟབས་མ་བདེཝ་མེདཔ་མ་ཚད་ གནས་དེ་སྦོམ་ཚད་ ཁྱིམ་ཐོག་༢ དེ་ཅིག་ཡོདཔ་ད་ གནས་རྡོ་དེ་ཁར་ རང་སོའི་ ལས་སྒྲིབ་དག་ནིའི་དོན་ལུ་ སྒྲིབ་པ་བཤུབ་ནི་དང་ གནས་སྒོ་དེ་ལས་ གནས་རྡོའི་རྟགས་ཚུ་ཡང་ཡོདཔ་ལས་ མི་ཚུ་གིས་ རང་སོའི་ ལས་སྒྲིབ་དག་ཐབས་ལུ་ དད་མོས་སྦོམ་བསྐྱེད་དེ་ མཇལ་དོ་ཡོདཔ་མ་ཚད་ དཀར་མེ་དང་ ཚོགས་རྫས་ཚུ་ ཕུལ་དོ་ཡོདཔ་ཨིན་པས།
ས་གནས་དེ་ཁར་ སྡོད་མི་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ རྡོ་སྦོམ་དེ་ གནས་ཨིན་པའི་ངོས་འཛིན་ ག་གིས་འབད་ཡོདཔ་ཨིན་ན་ ངེས་བདེན་མ་ཤེས་རུང་ མི་ཚུ་གིས་ རྡོ་དེ་ ཚེ་རིང་མཆེད་ལྔའི་གནས་ཨིན་ཟེར་ གཅིག་གིས་གཅིག་ལུ་སླབ་སྟེ་ གནས་ཀྱི་ལོ་རྒྱུས་ཚུ་ དར་ཁྱབ་སོང་ཡོདཔ་ལས་ འདས་པའི་ལོ་ནང་ གནས་སྐོརཔ་ལེ་ཤ་ཅིག་ལྷོད་ཡོད་རུང་ ད་རེས་ནངས་པ་ གནས་རྡོ་མཇལ་མི་ གནམ་མེད་ས་མེད་ མེདཔ་ཨིན་པས།
མི་ཚུ་གིས་ ལོ་རྒྱུས་གོ་མི་དང་འཁྲིལཝ་ད་ གནས་མཇལ་བར་འོང་མི་ ཆ་ལི་གཡུས་ཚན་ལས་ སྐྱེས་ལོ་༤༤ ལང་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ མི་ཚུ་གིས་ གནས་རྡོ་དེ་ ཚེ་རིང་མཆེད་ལྔའི་གནས་ བྱིན་ཅན་ཅིག་ཨིན་ཟེར་ སླབ་སར་གོ་ཡོདཔ་ལས་ ཚེ་འདི་ཕྱི་༢ ཀྱི་ ལས་སྒྲིབ་ཚུ་དག་ཐབས་ལུ་ སྤུན་ཆ་ཚུ་ཁྱིད་དེ་ གནས་མཇལ་བར་འོང་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ གནས་དེ་གི་སྐོར་ལས་ མོ་རའི་ གཡུས་མི་ཚུ་ལུ་ ཡོངས་གྲགས་ཅན་ཅིག་ལུ་གྱུར་ཡོདཔ་ལས་ གཡུས་མི་མང་ཤོས་ཅིག་གིས་ མཇལ་ཡོདཔ་ཨིན་རུང་ གནས་དེ་ བླམ་ག་གིས་ ངོས་འཛིན་འབད་ཡོདཔ་ཨིན་ན་ མ་ཤེསཔ་ལས་ ད་རེས་ནངས་པ་ གནས་མཇལ་མི་ འདས་པའི་ལོ་ནང་བཟུམ་སྦེ་ མི་འོང་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ བཟང་མོ་གིས་ སླབ་མིའི་ནང་ མ་འོངས་པའི་ སེམས་ཅན་ཚུ་གི་མཐའ་དོན་ལུ་ སྐྱེས་ཆེན་དམ་པ་ཚུ་གི་ མཛད་ཤུལ་ཚུ་མཇལ་ནིའི་ གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལུ་ མཇལ་བ་ཙམ་ཅིག་གིས་ ངན་སོང་གསུམ་གྱི་ སྡུག་བསྔལ་ལས་ འགྲོལ་ཚུགས་པའི་ ཕན་པ་ཡོད་ཟེར་ཨིན་པས།
གཡུས་སྒོའི་རྒས་ཤོས་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ གནས་དེ་མཇལ་བའི་སྐབས་ལུ་ མི་ཚུ་གིས་ ངོ་མ་ཨིན་ན་མེན་ན་དང་ བདེན་ག་མི་བདེན་ཟེར་བའི་ ཐེ་ཚོམ་ཟ་མ་བཏུབ་ཅིག་ཨིན་རུང་ ད་རེས་ནངས་པའི་ དུས་ཚོད་ལུ་ ཚན་རིག་ཐོག་ལས་ སྒྲུབ་བྱེད་བཀོད་དགོ་ནི་དེ་གིས་ ན་གཞོན་ཚུ་གིས་ཡང་ དད་པ་སྦོམ་བསྐྱེད་སར་ མི་མཐོང་པས་ཟེར་ཨིན་པས།
ལོ་དག་པ་ཅིག་གི་ ཧེ་མ་ལས་ར་ ས་གནས་ཀྱི་མི་ཚུ་གིས་ ཚེ་རིང་མཆེད་ལྔའི་ གནས་ཨིན་ཟེར་སླབ་སྟེ་ མཇལ་སྲོལ་ཡོད་མི་ ཁ་ལང་གཟི་གནས་དེ་ ཚེ་རིང་མཆོད་ལྔའི་གནས་ཨིན་ཟེར་ ངོས་འཛིན་གནང་མི་ བླམ་ག་ཨིན་ན་མ་ཤེས་རུང་ མི་ཚུ་གིས་ གཅིག་གིས་གཅིག་ལུ་ཁ་རྒྱུན་ཐོག་ལས་ གནས་ཨིན་ཟེར་སླབ་པའི་ ལོ་རྒྱུས་ཚུ་གོ་མི་དང་འཁྲིལ་ཏེ་ མི་ལ་ལུ་ཅིག་གིས་ དད་མོས་སྦོམ་བསྐྱེད་དེ་ མཇལ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment