ཀུན་གསལ་ཕོ་བྲང་ལུ་ འགྱོ་སའི་ལམ་ཁར་ རྦོབ་རིལ་མི་སྣུམ་འཁོར་ཊུག་སཱོན། |
རྐྱེན་ངན་དེ་ཡང་ འབྲུག་སློབ་གྲྭ་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ ས་ཁར་བྱུང་ཡོདཔ་ད་ སྣུམ་འཁོར་དེ་ ལམ་འོག་ལས་མར་ཕིཊ་༢༧༥ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ཡོདཔ་ད་ མ་གཞི་ ཁོང་༢ ལས་ སྣུམ་འཁོར་བཏང་མི་དེ་ ག་ཨིན་ན་ མ་ཤེས་རུང་ དེད་གཡོགཔ་དེ་གིས་ ཤུགས་ཚད་ལས་བརྒལ་ཏེ་ བཏང་མི་ལུ་བརྟེན་ ལམ་སྒོར་ལྟབ་ནང་ལྷོདཔ་ད་ བཀག་མ་ཚུགསཔ་འོང་ནི་ཨིན་མས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་དེ་ དྲོ་པར་ ལུས་སྦྱོང་གི་དོན་ལུ་ ཀུན་གསལ་ཕོ་བྲང་གི་ ལམ་བདའ་སྟེ་ ལམ་འགྱོ་མི་ཚུ་གིས་ མཐོང་ཡོད་རུང་ དུས་ཚོད་ག་དེམ་ཅིག་ལུ་ བྱུང་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ད་ མི་ཚུ་གིས་འབད་བ་ཅིན་ དྲོ་པའི་ཆུ་ཚོད་༡ གི་ཤུལ་ལས་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ཨིན་པས།
ས་གནས་ཀྱི་ ཉེ་འདབས་ལུ་ སྡོད་མི་ཚུ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁ་ཙ་དྲོ་པའི་ཆུ་ཚོད་༣ དེ་ཅིག་ཁར་ སྣུམ་འཁོར་རྦོབ་རིལ་དོ་བཟུམ་མའི་ སྐད་ཅིག་གོ་ཡོདཔ་བཞིན་དུ་ དྲོ་པ་ཁམས་ཅིག་ཁར་ བལྟ་བའི་བསྒང་ལས་ སྣུམ་འཁོར་ཅིག་ རྦོབ་རིལ་ཡར་སོ་ནུག་ཟེར་ཨིན་པས།
དྲོ་པའི་ཆུ་ཚོད་༦.༣༠ དེ་ཅིག་ཁར་ ཚེ་འདས་ཀྱི་ མི་ཚན་ཅིག་ཨིན་མི་ ཕོ་སྐྱེས་ཅིག་ ལུས་སྦྱོང་དང་འབྲེལ་ འཁོར་ལམ་དེ་བདའ་སྟེ་ ལམ་འགྱོ་བའི་སྐབས་ སྐྱེས་ལོ་༢༠ ལང་མི་ ཕོ་སྐྱེས་དེ་ ནདཔ་ཐོན་ཏེ་ ལམ་ཁར་སྡོད་ཡོདཔ་ མཐོང་བའི་ཤུལ་ལུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་གྱི་ རྐྱེན་ངན་གྱི་སྐོར་ལས་ སྣང་བ་ག་ཅི་ཡང་ མ་ཤརཝ་ཨིན་པས།
ཨིན་རུང་ ཁོ་གིས་ ས་ཁོངས་དེ་ནང་ ལོག་འོང་སྟེ་ ལྟ་བའི་སྐབས་ལུ་ ཁོ་རའི་ཚབོ་དེ་ རྦོབ་རིལ་མི་ སྣུམ་འཁོར་ལས་ མི་ཊར་དག་པ་ཅིག་གི་ས་ཁར་ ཤི་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་མིའི་ནང་ ཚེ་འདས་དང་ རྨ་སྐྱོན་བྱུང་མི་དེ་ དེ་ཚེ་ཕྱི་རུ་ ཟ་ཁང་ཅིག་ནང་ ཆ་རོགས་ཚུ་དང་གཅིག་ཁར་བསྡོམས་ཏེ་ བཞེས་སྒོ་བཟའ་ཡོདཔ་ད་ སྣུམ་འཁོར་དེ་ཡང་ ཆ་རོགས་ཅིག་ལས་བརྙ་སྟེ་ བདའ་སོང་ཡོདཔ་ཨིན་པས།
སྣུམ་འཁོར་དེ་ ཚེ་འདས་ཀྱི་ ཆ་རོགས་ཅིག་གིས་ ཁོ་རའི་ཕམ་ཚུ་གིས་ མ་ཤེསཔ་སྦེ་ ཁྱིམ་ནང་ལས་ བདའ་སོང་ཡོདཔ་སྦེ་ མི་ཚུ་གིས་ སླབ་ཨིན་པས།
སྐྱེས་ལོ་༡༨ ལང་མི་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ད་ ཆ་རོགས་དེ་གི་ མགུ་ཏོ་ལུ་ཡང་ གནོད་སྐྱོན་སྦོམ་བྱུང་ཡོད་རུང་ སྨན་བཅོས་འབད་དེ་ ཁ་ཙ་ སྨན་ཁང་ནང་ལས་ ལོག་བཏང་ཡོདཔ་ཨིན་པས།
ཚེ་འདས་དེ་ ན་ཧིང་ ཉི་མ་འབྲིང་རིམ་སློབ་གྲྭ་གོང་མ་ནང་ལས་ སློབ་རིམ་༡༢ པ་ མཇུག་བསྡུ་སྟེ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ རྒྱ་གར་པཱན་ཇབ་ལུ་ སྨན་རིག་མཐོ་རིམ་སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་པར་ འགྱོ་མི་ཨིན་པས།
རྨ་སྐྱོན་བྱུང་མི་དེ་ སྒེར་སྡེ་ཅིག་ནང་ ལཱ་འབད་དོ་ཡོདཔ་ད་ བྱུང་རྐྱེན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment