གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་ཚོད་བསྲེ་གིས་ ལང་མ་ཚུགས་རུང་ ཐབས་ལམ་ཡོདཔ།

ཟླ་༣ པའི་ཚེས་༢༧།
༡༧/༥/༢༠༡༢

ཐིམ་ཕུའི་ཚོད་བསྲེ་ཁྲོམ་ཁར་ ནང་འདྲེན་འབད་མི་ ཚེད་བསྲེ་ཚུ།
༉ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་གིས་ ལང་ཚུགས་པའི་ འོས་འབབ་དང་མི་ལྡནམ་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ རྒྱ་གར་ ནུབ་བེང་གཱལ་གྱི་མངའ་སྡེ་ ཕ་ལ་ཀ་ཊ་ལས་ ཚོད་བསྲེ་ནང་འདྲེན་གྱི་ཚ་གྱང་ལང་དགོཔ་བྱུངམ་ཨིན་པས།


ཐིམ་ཕུ་ལས་ཚོད་བསྲེ་ཚོང་པ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ ཚོད་བསྲེའི་རིགས་ཚུ་ གཙོ་རིམ་བཟུང་སྟེ་ རྒྱ་སྦོམ་སྦེ་ འཛུགས་སྐྱོང་འཐབ་ནི་མེད་པའི་ཁར་ དག་པ་ཅིག་ཡོད་མི་ཚུ་གིས་ཡང་ གནམ་བྱཱར་ལུ་མ་གཏོགས་ དགུན་ཐོན་པའི་བསྒང་ལས་ ཐོན་སྐྱེད་ཚུ་ རྩ་ལས་ར་མེད་ཟེར་ཨིན་པས།
དེ་འབདཝ་ལས་ ཚོད་བསྲེ་ཚུ་ ངེས་པར་དུ་ ཕྱི་ཁའི་ཚོང་འབྲེལ་ལུ་བརྟེན་དགོཔ་མ་ཚད་ ལྷག་པར་དུ་ཡང་ ཚོད་བསྲེ་སྦུང་སྦོམ་སྦེ་ ལག་ལེན་འཐབ་དགོ་མི་ དཔེར་ན་ སློབ་གྲྭ་ཁག་དང་ སྤེལ་ཁང་ གྲྭ་ཚང་ དེ་ལས་ དྲག་ཁག་གསུམ་གྱི་ དམག་སྡེ་ཚུ་ནང་ གལ་སྲིད་ ནང་འདྲེན་བཀག་དམ་འབད་བ་ཅིན་ དེ་ཚུ་ལུ་ དཀའ་ངལ་སྦོམ་འཐོན་འོང་ཟེར་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ སྤྱི་ལོ་༢༠༡༠ ལུ་ རྫོང་ཁག་༢༠ གི་ སོ་ནམ་ཐོན་སྐྱེད་གནས་སྡུད་ བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཚོད་བསྲེའི་ཐོན་སྐྱེད་ངོ་མ་ ཀེ་བ་ ས་ཞིང་ཨེ་ཀར་༩,༠༠༠ དེ་ཅིག་ལས་ ཐོན་སྐྱེད་ཀེ་ཇི་ས་ཡ་༤.༤ བསྡུ་ཡོདཔ་ད་ ཨེ་མ་ཞིང་ཨེ་ཀར་༧,༠༠༠ ལས་ ཐོན་སྐྱེད་ཀེ་ཇི་འབུམ་༦༧  འདབ་མ་ཀོ་པི་ ས་ཞིང་ཨེ་ཀར་༨༠༠ ལས་ ཐོན་སྐྱེད་ཀེ་ཇི་འབུམ་༢ དེ་ལས་ ལ་ཕུག་ཞིང་ ཨེ་ཀར་༢,༧༠༠ ལྷགཔ་ཅིག་ཡོད་མི་ལས་ ཐོན་སྐྱེད་ཀེ་ཇི་འབུམ་༣༨ ཚོང་སྒྱུར་འཐབ་ཡོད་པའི་ཁར་ མེ་ཏོག་ཀོ་པི་ ཀེ་ཇི་འབུམ་༣ དང་ བོ་རོ་ཀོ་ལི་ ཀེ་ཇི་འབུམ་༡ གཡུང་རྡོག་ཀེ་ཇི་འབུམ་༢༦ ལ་ཕུག་དམརཔོ་ཀེ་ཇི་འབུམ་༢ ཉ་ཁག་ཅུ་ཀེ་ཇི་༦༧,༠༠༠ ཧོན་ཚོད་ཀེ་ཇི་འབུམ་༡༧ དེ་ལས་ སྲནམ་ཅུམ་གི་རིགས་ ཀེ་ཇི་འབུམ་༣༠ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།
འཕྲམ་ཁམས་ཅིག་ཁར་ སོ་ནམ་བློན་པོ་ཌོག་ཊར་པདྨ་རྒྱ་མཚོ་གིས་ ཚོད་བསྲེ་ཚོང་པ་ཚུ་དང་ མཇལ་ཕྲད་གནང་པའི་སྐབས་ ཚོང་པ་ཚུ་གིས་ ཞུ་མིའི་ནང་ ཁོང་གི་ ཚ་གྱང་ངོ་མ་ར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་སྒོགཔ་གིས་ ལང་མི་ཚུགས་པའི་དཀའ་ངལ་འཐོན་འོང་ཟེར་ཨིན་མི་དེ་ཡང་ གནས་སྡུད་དང་འཁྲིལ་བ་ཅིན་ ལོ་དེ་ནང་ རྒྱལ་ཁབ་ནང་འཁོད་ལས་ སྒོགཔ་ཀེ་ཇི་འབུམ་༢ ལྷགཔ་ཅིག་ལས་བརྒལ་ བསྡུ་མ་ཚུགས་པས་ཟེར་ཨིན་པས།
དེ་ལས་ གཞན་ཡང་དགོས་མཁོ་ཅན་ བླམ་བན་ད་ཚུ་ཡང་ ལོ་རེ་ནང་ ཀེ་ཇི་འབུམ་༢ ལྷགཔ་ཅིག་ལས་ བསྡུ་མ་ཚུགས་ལས་ བླམ་བན་དའི་རིགས་ཚུ་ ནང་འདྲེན་འབད་དགོཔ་འཐོན་འོང་ཟེར་ ཚོང་པ་ཚུ་གིས་ སླབ་ཡོདཔ་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚོད་བསྲེའི་ཐོན་སྐྱེད་དེ་ གནས་སྡུད་ནང་གསལ་སྟོན་བྱུང་མི་ལས་ལྷག་སྟེ་ ང་བཅས་ཀྱིས་ ཡར་སེང་འབད་ཚུགས་ཟེར་ཨིནམ་ད་ ད་ཚུན་ལུ་ ཚོང་སྒྱུར་གྱི་ཐབས་བྱུས་དང་འཁྲིལ་ ཚོད་བསྲེ་ འཛུགས་སྐྱོང་འབད་མི་གཙོ་བོ་གཅིགཔ་དེ་ ཁྲོམ་གྱི་ཉེ་འདེབས་ལུ་ཡོད་མི་ཚུ་ཨིནམ་མ་གཏོགས་ གཡུས་ཚན་མང་ཤོས་ཅིག་ནང་ ཚོང་འབྲེལ་གྱི་གོ་སྐབས་མེད་མི་ལུ་བརྟེན་ ཁོང་རང་ལངམ་ཅིག་ལས་བརྒལ་ ཚོང་འབྲེལ་གྱི་ལམ་ཕྱོགས་ནང་ མ་འཛུལ་བར་ལུས་ཏེ་འདུག་ཟེར་ཨིན་པས།
ད་ཚུན་ལུ་ གཡུས་སྒོ་ཚུ་ནང་ ཁོང་གིས་ ཚོད་བསྲེ་གི་རིགས་ འབོར་ཆེ་ཏོག་ཏོ་སྦེ་ འཛུགས་སྐྱོང་འབད་རུང་ ཉོ་མི་མེད་པའི་ཁར་ གོང་ཚད་ཀྱི་ཐད་ལས་འབད་རུང་ རྒྱ་གར་ལས་ ཐོན་མི་དང་གཅིག་ཁར་ དོ་འགྲན་འབད་མ་ཚུགས་མི་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོས་སྦེ་ འཐབ་མ་ཚུགས་པའི་དཀའ་ངལ་གྱིས་ དང་འདོད་མ་བསྐྱེད་པར་ ལུས་སོ་ནུག་ཟེར་ཨིན་པས།
ད་རེས་ ཡར་རྒྱས་ཀྱི་གཞི་དོན་རྩ་བོ་དེ་ རྒྱལ་ཁབ་ནང་ རུ་པའི་དཀའ་ངལ་ལུ་བརྟེན་ ཚོད་བསྲེ་ནང་འདྲེན་འབད་མ་ཚུགས་པ་ཅིན་ ནང་འཁོད་ཀྱི་ ཚོད་བསྲེ་དེ་ལུ་ར་ མཁོ་འདོད་བཀོད་དགོ་ནི་ཨིནམ་ལས་ མི་སེར་སོ་ནམ་པ་ཚུ་གིས་ གོ་སྐབས་ལེན་ཏེ་ འབད་བརྩོན་བསྐྱེད་ནིའི་ འོས་འབབ་སྦོམ་ར་འདུག་ཟེར་ཨིན་པས།
སོ་ནམ་འགོ་དཔོན་དབང་དྲག་གིས་ སླབ་མིའི་ནང་ ཚོད་བསྲེ་ཚོང་འབྲེལ་གྱི་ གོ་སྐབས་བཟོ་བ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ བྱ་སྟབས་མ་བདེཝ་འབྱུང་ནི་མ་གཏོགས་ མ་འོངས་ཡུན་རིང་ལུ་ ཚོད་བསྲེ་གི་རིགས་ ནང་འདྲེན་འབད་མ་དགོ་པར་ ནང་འཁོད་ལས་ཐོན་མི་གིས་ རང་མགོ་ རང་འདྲོངས་ལུ་གནས་ཚུགས་པའི་ཁར་ གཡུས་ཚན་ལ་ལུ་ཅིག་ནང་ གཡུང་རྡོག་དང་ ལ་ཕུག་ཚུ་ ཉོ་མི་མེད་པར་ སྒོ་ནོར་སེམས་ཅན་ཚུ་ལུ་བྱིན་ཡོད་མི་ཚུ་གི་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ཨིན་པས།
བཀྲིས་སྒང་ ཡོན་ཕུ་ལ་ལས་སྐྱེས་ལོ་༦༤ ལང་མི་ ཚེ་དབང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཁོང་གི་གཡུས་ཁར་ ལ་ཕུག་དང་ གཡུང་རྡོག་དེ་ གནམ་དགུན་ལུ་ ནོར་སེམས་ཅན་ཚུ་ལུ་ འབྱིན་ནིའི་དོན་ལུ་ འཛུགས་སྐྱོང་འབད་དོ་ཟེར་ཨིནམ་ད་ ཁོ་གིས་ ལོ་རེ་ནང་ ལ་ཕུག་ཊག་༢ དེ་རེ་ བསྡུཝ་ཨིན་ཟེར་ཨིན་པས།
ཐིམ་ཕུ་ལུ་འབད་བ་ཅིན་ ལ་ཕུག་དང་ གཡུང་རྡོག་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ ལྷགཔ་རེ་སྦེ་ བཙོངམ་ཨིན་རུང་ མཐའ་ཟུར་གཡུས་ཚན་ནང་ ཚོང་འབྲེལ་གྱི་གོ་སྐབས་མེདཔ་ལས་ ནོར་སེམས་ཅན་ཚུ་གི་ཆག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment