གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཚུ་ ཧང་སྟོང་མར་ན་མིའི་ རྒྱུ་རྐྱེན་ཧ་མ་གོ་བར་ཡོདཔ།

ཟླ་༣ པའི་ཚེས་༡༦།
༡༦/༥/༢༠༡༢

ངང་ལམ་གྱི་ སློབ་ཕྲུག་ཚུ་ ཉིན་མའི་ལྟོ་ཟ་བའི་བསྒང་།
༉ འདས་པའི་བདུན་མཐའི་ནང་ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་སློབ་གྲྭ་ཆེ་བའི་ སློབ་ཕྲུག་༡༨ ལུ་ མགུ་ཏོ་ན་ ཁ་ལས་སྐྱུག་ ཆབ་གསང་བཤལ་ དྲོད་འབར་རྐྱབ་སྟེ་ ན་བའི་ཤུལ་ལུ་ ངང་ལམ་སྨན་ཁང་འབྲིང་མའི་ནང་ བསྐྱལ་ཡོདཔ་ད་ སློབ་ཕྲུག་ཚུ་གི་གྲས་ལས་༡༣ སྨན་ཁང་ནང་ལས་བཏང་ཡོད་རུང་༥ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།


སློབ་ཕྲུག་ཨ་ལུ་ཚུ་ དེ་སྦེ་ ན་མི་དེ་ ནད་གཞི་ག་ཅི་ལས་བརྟེན་ཨིན་ན་ ངོས་འཛིན་འབད་མ་ཚུགས་པར་ཡོད་རུང་ བཞེས་སྒོ་ལུ་བརྟེན་ དུག་ཐོབ་ཡོད་པའི་ དོགས་པ་ཡོད་ཟེར་ སྨན་ཁང་ནང་ལས་ ཌོག་ཊར་ལས་འཕྲོ་གིས་ བཤདཔ་ཨིན་པས།
ཌོག་ཊར་ལས་འཕྲོ་གིས་འབད་བ་ཅིན་ ནད་གཞི་དེ་གི་སྐོར་ལས་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་དོ་ཡོདཔ་ཨིན་རུང་ སྨན་ཁང་ནང་བཞག་མི་ སློབ་ཕྲུག་ཆ་མཉམ་ར་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོདཔ་མ་ཚད་ བརྟག་དཔྱད་ཀྱི་དོན་ལུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མི་མང་གསོ་བའི་ལས་ཁུངས་ནང་ལས་ ཞིབ་དཔྱད་སྡེ་ཚན་ཅིག་ འབོ་སྟེ་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་གཞི་དེ་ དུས་ཚོད་དང་འབྲེལ་བའི་ ནད་ཅིག་ཨིན་རུང་ སློབ་ཕྲུག་ལེ་ཤ་ཅིག་ སྟབས་གཅིག་ཁར་ ན་ནི་དེ་གིས་ ཚ་གྱང་ལང་སྟེ་ མི་མང་གསོ་བའི་ལས་ཁུངས་ལུ་ སྙན་ཞུ་འབད་དགོཔ་ ཐོན་ཡི་ཟེར་ཨིནམ་ད་ ཁོ་གིས་ ནདཔ་ཨ་ལུ་ཚུ་ལུ་ དྲི་བའི་སྐབས་ ཕྱི་ཁ་ལས་ བཞེས་སྒོའི་རིགས་ ག་ནི་ཡང་ བཟའ་བཟའཝ་མེདཔ་སྦེ་ སླབ་མི་ལུ་བརྟེན་ སློབ་གྲྭའི་མཛོད་ཁང་ནང་ལས་ ཐོབ་ཡོད་མེད་ཀྱི་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ སླབ་ཨིན་པས།
གསོ་བའི་ཞིབ་དཔྱད་སྡེ་ཚན་དེ་ ཁ་ཙ་ ངང་ལམ་ལུ་ ལྷོད་ཡོདཔ་ལས་ ད་རིས་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུག་ནི་ཨིན་པས།
སློབ་གྲྭའི་དབུ་འཛིན་འོག་མ་ ལྷ་ཕྲུག་གིས་ སླབ་མིའི་ནང་ རེས་གཟའ་ཟླ་བ་ལུ་ དྲོ་པའི་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ལུ་ སྐྱེས་ལོ་༡༦ དང་༡༧ ལང་མི་ བུམོ་༢ མགུ་ཏོ་ན་ ཁ་ལས་སྐྱུག་ བཤལ་ནད་ཐོབ་པའི་ཤུལ་ལས་ དེ་འཕྲོ་ལས་ སྨན་ཁང་ནང་བསྐྱལ་ཡི་ཟེར་ཨིནམ་ད་ ཉིནམ་དེ་ནང་ར་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལུ་ བུམོ་༤ ན་ཡོདཔ་མ་ཚད་ ཕྱི་རུའི་བཞེས་སྒོ་བཟའ་ཚར་བའི་ཤུལ་ལུ་ ད་རུང་ ནད་རྟགས་ཅོག་འཐདཔ་སྦེ་ན་མི་ སློབ་ཕྲུག་༡༢ ཐོན་ཡོད་རུང་ གནས་སྟངས་ལེགས་ཤོམ་ཡོད་མི་ལུ་བརྟེན་ མང་ཤོས་ཅིག་ར་ སྨན་ཁང་ནང་ལས་ བཏང་ཡི་ཟེར་ཨིན་པས།
དབུ་འཛིན་འོག་མ་གིས་ སླབ་མིའི་ནང་ གསོ་བའི་སྨན་པ་ཚུ་གིས་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ བུཚ་༢༧ དང་ བུམོ་༣༠ ལུ་བརྟག་དཔྱད་འབད་བའི་སྐབས་ མང་ཤོས་ར་ མགུ་ཏོ་ན་ཡོདཔ་མ་ཚད་ བཤལ་ནད་ཐོབ་ནུག་ཟེར་ཨིནམ་ད་ རེས་གཟའ་ཟླ་བ་ལུ་ སློབ་ཕྲུག་ཚུ་ ཕྱི་ཁར་འགྱོ་ཆོག་པའི་ ཉིནམ་ཡང་ཨིནམ་ལས་ ཁོང་གིས་ ཕྱི་ཁ་ལས་ བཟའ་འཐུང་གི་རིགས་ ལོངས་སྤྱོད་འབད་ཡོད་པའི་ དོགས་སྣང་སྦོམ་ཡོད་ཟེར་ དབུ་འཛིན་འོག་མ་གིས་ སླབ་ཨིན་པས།
ཨིན་རུང་ སློབ་གྲྭའི་འཛིན་སྐྱོང་གིས་ ཨ་ལུ་ཚུ་ སློབ་གྲྭའི་ཉེ་འདབས་ལུ་ཡོད་མི་ རྡོ་ལས་བརྟེན་ ན་ཡོད་པའི་ དོགས་པ་ཆགས་ཡོད་མི་དེ་ཡང་ རྡོ་དེ་ལུ་ ཀླུ་ཆགས་ཡོདཔ་ལས་ ཀླུ་གིས་གནོད་པ་རྐྱབ་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
དབུ་འཛིན་འོག་མ་གིས་འབད་བ་ཅིན་ སྨན་ཁང་ནང་བསྐྱལ་མི་ བུམོ་༡ སྨན་ཁང་ནང་ལས་ སློབ་གྲྭ་ནང་ ལོག་འོང་པའི་ལམ་ཁར་ ནན་བསྐྱར་ན་བའི་སྐབས་ དེ་འཕྲོ་ལས་ ས་གནས་ཀྱི་ མཚམས་པ་འབད་སར་ བསྐྱལ་ཞིནམ་ལས་ གདོན་མཆོད་འབདཝ་ད་ དྲག་ཅི་ཟེར་ཨིན་པས།
ཨིན་རུང་ ནད་གཞི་དེ་ བཀག་ཡོདཔ་ལས་ ཁ་ཙ་ཚུན་ཚོད་ སློབ་ཕྲུག་ག་ཡང་ ན་ཡོད་པའི་སྙན་ཞུ་ མ་ལྷོདཔ་ཨིན་པས།
ངང་ལམ་སློབ་གྲྭ་དེ་ནང་ སློབ་ཕྲུག་བསྡོམས་༤༨༢ ཡོད་མིའི་གྲས་ལས་ ནང་སྡོད་སློབ་ཕྲུག་བུཚ་༡༨༡ དང་ བུམོ་༡༡༠ དེ་ལས་ ཐབ་ཚངཔ་༥ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment