ཐིམ་ཕུ་ལུ་ གཞུང་ས་ཚུ་ནང་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་སྟེ་ སྡོད་མི་ཚུ་གི་གནས་སྟངས་དེ་ སྐྱོ་སི་སི་ཅིག་ཨིན་རུང་ ད་ལྟོ་ཚུན་ ཁྲོམ་སྡེའི་ཁ་ཐུག་ལས་ དམིགས་བསལ་གྱི་ཐབས་ཤེས་ཅིག་ བཏོན་བཏོནམ་མེད་ཟེར་ཨིན་པས།
ཐིམ་ཕུ་ ལྕང་སྒྱིད་དར་ཕུག་གི་མཐོང་སྣང་། |
ཁོ་གིས་ སྣུམ་འཁོར་བཅོ་ཁང་དེ་ནང་ལཱ་འབད་དེ་ གཡུས་ཁར་སྡོད་མི་ ཁོ་རའི་ ཕམ་༢ དང་ སྲིངམོ་༣ ལུ་ ཟད་འགྲོ་བཏང་དོ་ཡོདཔ་ད་ ཁོ་གིས་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༢,༠༠༠ རེ་ ཐོབ་དོ་ཡོདཔ་ཨིན་པས།
བུ་དི་རཱཇ་དེ་ ད་ལྟོ་ སྣུམ་འཁོར་བཅོ་ཁང་དེ་ནང་ ཚོང་ཁང་བཙུགས་ཏེ་སྡོད་མི་ ཁོ་རའི་ མི་ཚན་ཅིག་དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ རེ་ཚེ་སྐབས་ ཕམ་དང་ སྤུན་ཆ་ཚུ་འབད་སར་ འགྱོ་དགོ་མནོ་རུང་ བཟའ་ཚང་འཚོ་སྐྱོང་འཐབ་ནི་ལུ་ དཀའ་ངལ་སྦོམ་ཡོད་མི་ལུ་བརྟེན་ ཐབས་ར་མེད་པར་ ཐིམ་ཕུ་ལུ་ ལཱ་འབད་དེ་ སྡོད་དགོ་དོ་ཡོདཔ་ཨིན་པས།
ད་ལྟོ་ ཁོ་རའི་ མི་ཚན་ཚུ་དང་གཅིག་ཁར་ སྡོད་ནི་དེ་གིས་ ཁྱིམ་གྱི་ཁང་གླ་ སྤྲོད་མ་དགོཔ་ཨིན་རུང་ གཞུང་གི་ངལ་གསོའི་སྐབས་ལུ་དང་ རེས་གཟའ་ཉི་མ་དང་ ཟླཝ་ཚུ་གི་སྐབས་ལུ་ ཁོ་རའི་མི་ཚན་གྱི་ ཚོང་ཁང་ནང་ ཕོརཔ་ཐ་ལི་དང་ ཀ་ལ་རྫམ་ཚུ་ ཆུ་འཁྱུ་ནི་ལུ་ ཆ་རོགས་འབད་དོ་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་ ལཱ་ཚུ་འབད་བའི་སྐབས་ ལ་ལུ་ཅིག་གིས་ ཁོ་ལུ་ གསོལ་རས་ཚུ་ཡང་ བྱིན་དོ་ཡོདཔ་ལས་ ཏི་རུ་ལངམ་སྦེ་ ཐོབ་པའི་སྐབས་ལུ་ གཡུས་ཁར་ ཏི་རུ་བསྐྱལ་བར་འགྱོ་ནི་ཡོད་ཟེར་ཨིནམ་ད་ དེ་བསྒང་ དངུལ་ཀྲམ་༣,༠༠༠ དང་༤,༠༠༠ རེ་ འབག་འགྱོ་དོ་ཟེར་ཨིན་པས།
ཁོ་རའི་གཡུས་ཁར་ཡོད་པའི་ ཨ་པ་དེ་ བད་ཀན་གྱི་ནད་ ཟུན་མི་ལུ་བརྟེན་ ལཱ་འབད་མི་ཚུགས་དོ་ཡོདཔ་ད་ ཁོ་རའི་ཨའི་ཡང་ གཤག་བཅོས་འབད་ནི་དེ་གིས་ ལཱ་ཤུགས་སྦེ་ འབད་མ་ཚུགས་པའི་ཁར་ སྲིངམོ་༣ གསོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ ལཱ་འབད་ཐངས་ལུ་བལྟ་བ་ཅིན་ ཁོ་གི་སྦོ་ལོགས་ཁར་ བརྩེགས་བཞག་མི་ སྣུམ་འཁོར་གྱི་འཁོར་ལོ་ སྦོམ་ཆུང་མ་འདྲཝ་ཚུ་འཐུ་སྟེ་ ཁོ་ར་ལཱ་འབད་སའི་ ཁང་མིག་ཆུང་ཀུ་ཅིག་ནང་ཡོད་པའི་ སྣུམ་འཁོར་གྱི་ འཁོར་ལོ་བཤུབ་ནིའི་ འཕྲུལ་ཆས་གུ་བཙུགས་ཏེ་ སོར་ནི་དང་ ནང་ནའི་ཊུབ་ཚུ་སོར་ཏེ་ རླུང་བླུགསཔ་ཨིན་པས།
བུ་དི་རཱཇི་གིས་འབད་བ་ཅིན་ ལཱ་གཡོག་གི་ གོ་སྐབས་ལུ་བལྟ་སྟེ་ ལོ་༡ དེ་ཅིག་གི་ཧེ་མ་ལས་ ཐིམ་ཕུ་ལུ་འོང་ཡོདཔ་ད་ སྣུམ་འཁོར་བཅོ་ཁང་དེ་ནང་ ལཱ་འབད་དེ་ ཟླཝ་༤ དེ་ཅིག་ ལང་ཡོདཔ་སྦེ་ སླབ་ཨིན་པས།
ཁོ་གིས་ ཁོ་རའི་དཀའ་ངལ་ཚུ་གི་སྐོར་ལས་ སླབ་ནི་ལུ་ ངོ་ཚ་དོ་ཡོདཔ་ད་ ཁོ་གིས་ ལཱ་འབད་དེ་ཐོབ་མི་ ཟླ་རིམ་གྱི་ དངུལ་ཕོགས་ དངུལ་ཀྲམ་༢,༠༠༠ འབད་མི་ཚུ་ གཡུས་ཁར་ བསྐྱལ་དོ་ཟེར་ སླབ་མི་ལུ་བལྟ་བ་ཅིན་ ཁོ་རའི་བཟའ་ཚང་ལུ་ རྒྱབ་སྐྱོར་ཚུ་ སྦོམ་སྦེ་ར་ འབད་དོ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་པས།
ད་རུང་ སྣུམ་འཁོར་བཅོ་ཁང་གཞན་ཅིག་ནང་ཡང་ སྣུམ་འཁོར་འཁྱུ་མི་ ཨ་ལུ་ཅིག་དང་ཕྱད་ཡོདཔ་ཨིན་རུང་ ཁོ་གིས་ ཁོ་རའི་སྐོར་ལས་ ག་ཅི་ཡང་ སླབ་མ་བཏུབ་རུང་ ཁོ་གིས་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༡,༨༠༠ རེ་ ཐོབ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ལྕང་སྒྱིད་དར་ཕུག་ལུ་ རིན་ཆེན་སློབ་གྲྭ་ཆེ་བ་ནང་འགྱོ་སའི་ ལམ་གྱི་གཡས་ཕྱོགས་ལུ་ ཐིམ་ཕུ་ཁྲོམ་སྡེ་ལས་འཛིན་ནང་ ལཱ་འབད་མི་ཚུ་སྡོད་སའི་ སྦ་སྒོར་ལེ་ཤ་རྐྱབ་སྟེ་ཡོད་སར་སྡོད་མི་ ཧཱསི་ཏ་མ་ཡ་དེ་ མོ་རའི་བུམོ་༢ དང་གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་ར་ ཁྲོམ་སྡེའི་ནང་ ཕྱགས་བདར་རྐྱབ་མི་ཨིན་པས།
སྐྱེས་ལོ་༢༧ འབད་མི་ ཨམ་སྲུ་དེ་གིས་ ཟླ་རིམ་གྱི་དངུལ་ཕོགས་ དངུལ་ཀྲམ་༤,༩༥༠ རེ་ ཐོབ་དོ་ཡོདཔ་ད་ མོ་ར་ ཨ་ལུ་༢ གསོ་དགོཔ་ལས་ ལང་མི་ཚུགས་ཟེར་སླབ་ཨིན་པས།
ཧཱསི་ཏ་མ་ཡ་དེ་ རྨགཔ་དང་ ཁ་བྱལ་མི་ཅིག་འབད་ནི་དེ་གིས་ ཨ་ལུ་གཉིས་ཆ་ར་ མོ་ར་གིས་ གསོ་དོ་ཡོདཔ་ད་ རེ་ཚེ་སྐབས་ ཁྱིམ་ནང་ ཆུམ་ཡང་རྫོགསཔ་མ་ཚད་ ཚོདམ་ནང་བླུགས་ནིའི་ མར་ཁུ་ཚུ་ཡང་རྫོགས་ཏེ་ ཁྱིམ་ཚང་ཚུ་ལས་ བསྐྱི་དགོཔ་ཐོནམ་མས་ཟེར་ཨིན་པས།
ཀུན་གསལ་ཕོ་བྲང་ལུ་འགྱོ་སའི་ འཁོར་ལམ་གྱི་ཉེ་འདབས་ལུ་ སྒེར་གྱི་ས་ཆ་ཅིག་ནང་ སྦ་སྒོར་རྐྱབ་སྟེ་སྡོད་མི་ དིལ་མ་ཡ་ ཏ་མང་གིས་འབད་བ་ཅིན་ མོ་རའི་རྨགཔ་དེ་ ན་སྟེ་ར་ སྡོད་ནི་དེ་གིས་ མོ་ར་ ཐིམ་ཕུའི་ཚོང་ཁང་ཅིག་ནང་ ལཱ་འབད་དེ་ ཟླ་རིམ་ དངུལ་ཕོགས་ དངུལ་ཀྲམ་༣,༠༠༠ རེ་ལེན་ཐོག་ལས་ བཟའ་ཚང་འཚོ་སྐྱོང་འཐབ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུའི་ གཞུང་ས་ཚུ་ནང་ ཚུལ་མིན་ཐོག་ལས་ སྦ་སྒོར་རྐྱབ་སྟེ་སྡོད་མི་ ལེ་ཤ་ཡོད་མི་ཚུ་ཡང དེ་བཟུམ་མའི་ དཀའ་ངལ་བྱུང་སྟེ་ སྡོད་མི་ཙང་ཙ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ནངས་པ་ ཁྲོམ་སྡེ་ལས་འཛིན་ནང་ ལས་བྱེདཔ་ལངམ་སྦེ་ མེད་མི་ལུ་བརྟེན་ཏེ་ ཚུལ་མིན་ཐོག་ལས་ སྡོད་མི་ཚུ་གི་སྐོར་ལས་ ལྟ་རྟོག་འབད་ནི་མེདཔ་ལས་ གནད་སྡུད་ཡང་ ག་ཅི་ཡང་ མེད་ཟེར་ཨིན་རུང་ ད་ལས་ཕར་ མི་གསརཔ་ཚུ་ སྡོད་བཅུག་ནི་མེད་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ ཨ་ལུའི་ཤེས་ཡོན་མ་དངུལ་ལས་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་གཞི་ དེ་བཟུམ་མའི་ གཞུང་གི་ས་ཆ་ཚུ་ནང་ གནས་སྐབས་ཀྱི་ སྦ་སྒོར་རྐྱབ་སྟེ་སྡོད་མི་ཚུ་གི་ གནས་སྟངས་དེ་ སྐྱོ་སི་སི་ཅིག་ཨིན་རུང་ ད་ལྟོ་ཚུན་ ཁོང་གི་ཁ་ཐུག་ལས་ དམིགས་བསལ་གྱི་ ཐབས་ཤེས་ཅིག་ ག་ཅི་ཡང་ བཏོན་བཏོནམ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ གཞུང་གིས་ སྲིད་བྱུས་དང་ ཐབས་བྱུས་ཚུ་བཏོན་པ་ཅིན་ དེ་དང་འཁྲིལ་ཏེ་ རྒྱབ་སྐྱོར་ཚུ་ འབད་ཚུགས་ཟེར་སླབ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment