ན་གཞོན་གོང་འཕེལ་ལྟེ་བའི་ཁྲི་འཛིན་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ སྒོ་འབྱེད་སྐབས་ལུ་ ཡ་ཁྲ་འཐག་གཟིགས་པའི་བསྒང་། |
དེ་ཡང་ གཡུས་ཚན་དེ་ནང་ ཁྱིམ་གུང་༦ ལས་བརྒལ་མེད་རུང་ གཡུས་ཚན་དེ་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ར་ སྒོ་ནོར་སེམས་ཅན་དང་ ཐགས་འཐག་ནི་ལུ་བརྟེན་ སྡོད་དོ་ཡོདཔ་ལས་ ལས་རིམ་དེ་གིས་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པས།
ན་གཞོན་ཁས་བླངས་སྡེ་ཚན་གྱི་འགོ་ཁྲིདཔ་ ཆུ་སྨད་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་འོག་མ་ འཆི་མེད་དོན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་ནང་ ལས་འགུལ་འགོ་བཙུགས་དགོ་མིའི་ དམིགས་ཡུལ་གཙོ་བོ་ར་ གཡུས་ཚན་དེ་ནང་གི་ མི་སེར་ཚུ་གི་ འཚོ་བ་དང་ གཙང་སྦྲགས་ལེགས་ཤོམ་མེདཔ་ལས་ མི་སྡེ་ཡར་དྲག་བཟོ་ནིའི་དོན་ལུ་ གདམ་འཐུ་འབད་ཡོདཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཁས་བླངས་ཨ་ལུ་ཚུ་གིས་ འགོ་འདྲེན་ཐོག་ལས་ གཙང་སྦྲགས་ལས་རིམ་དང་ དཔེ་སྟོན་ཚུ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྟེ་ཡོད་ཟེར་ཨིན་པས།
ལས་རིམ་ཚུ་གི་གྲས་ལས་༡ སྡེ་ཚན་གྱིས་ ན་ཧིང་གི་ལོ་ནང་ བདུན་ཕྲག་ཨ་རྟག་ར་ གཡུས་ཚན་ནང་འགྱོ་སྟེ་ གཡུས་མི་གི་ ཨ་ལུ་ཚུ་ལུ་ ཆུ་འཁྱུ་ནི་གི་ ལས་རིམ་འགོ་འདྲེན་འཐབ་སྟེ་ དཔེ་སྟོན་འབད་བྱིན་ཡོདཔ་ལས་ ད་རེས་ནངས་པར་ ཁོང་གིས་ འབད་ཤེས་ནི་དེ་གིས་ སྡེ་ཚན་དེ་ ཟླཝ་རེ་ནང་ ཚར་རེ་སོང་སྟེ་ ཁོང་དང་མཉམ་ ཆུ་འཁྱུ་ནི་ཡོད་ཟེར་ཨིན་པས།
འཆི་མེད་དོན་གྲུབ་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་དེ་གི་ ཨ་ལུ་ཚུ་ལུ་ སོ་དཀྲུག་རྐྱབ་ནི་ཡང་ སྟོན་བྱིན་ཏེ་ཡོད་པའི་ཁར་ གཙང་སྦྲ་བཞག་ཐབས་ལུ་དམིགས་ཏེ་ ཁྱིམ་ནང་ག་གིས་ ཧིང་སངས་ས་བཞག་མི་ལུ་ གསོལ་རས་བྱིན་ནི་གི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ དངུལ་རྐྱང་གི་གསོལ་རས་ ཐེངས་གཉིས་དེ་ཅིག་ བྱིན་པའི་ཤུལ་ལས་ མི་སེར་ཚུ་གིས་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ ལེ་ཤ་གིས་ གཙང་སྦྲ་ཐོག་ལུ་ སྡོད་ཚུགས་པས་ཟེར་ཨིན་པས།
སྡེ་ཚན་གྱིས་ ཨ་ལུ་ཚུ་ལུ་ སློབ་སྟོན་གྱི་ལས་རིམ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་པའི་ཁར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་གིས་ རྒྱབ་སྐྱོར་ཐོག་ལས་ གཡུས་ཚན་དེ་ནང་ སྔོ་ལྗང་ཁྱིམ་ཡང་ འགོ་བཙུགས་ཡོདཔ་ལས་ ཚོད་བསྲེའི་རིགས་ཚུ་ ཚོང་སྒྱུར་འཐབ་སྟེ་ འཚོ་བ་ཡར་དྲག་བཟོ་ཚུགས་ནི་ཨིན་པས།
གཡུས་ཚན་དེ་ནང་ ཐགས་འཐག་སའི་ ལྟེ་བ་ཆུང་ཀུ་ཅིག་ འགོ་བཙུགས་ཡོད་མི་དེ་ སྤྱི་ཟླ་༥ པའི་ཚེས་༥ ལུ་ ན་གཞོན་གོང་འཕེལ་ལྟེ་བའི་ཁྲི་འཛིན་ མི་དབང་རྒྱལ་ཡུམ་ ཨ་ཞེ་ཚེ་རིང་དཔལམོ་དབང་ཕྱུག་མཆོག་གིས་ སྒོ་འབྱེད་གནང་ཡི།
ལས་འགུལ་དེ་གི་ ཨ་ལུ་ཚུ་གིས་ ཐགས་འཐག་ནི་གི་ ཁྱིམ་རྐྱབ་ཡོདཔ་མ་ཚད་ དེ་གི་རྒྱབ་ཁར་ ཨ་ལུ་ཚུ་ རྩེདམོ་རྩེ་ནི་གི་ ཅ་ལ་ཚུ་ཡང་བཟོ་སྟེ་ བཙུགས་ཡོདཔ་ཨིན་པས།
ཨུམ་གསང་གཡུས་ཚན་ལས་ སྐྱེས་ལོ་༢༩ ལང་མི་ ཨོ་རྒྱན་དབང་མོ་གིས་ ཐགས་ཁྱིམ་དེ་གིས་ ཧེ་མ་ལས་ལྷག་པའི་ ཡ་ཁྲ་འཐག་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ཨ་ལུ་ཚུ་ཡང་ རྩེདམོ་རྩེ་སྡོད་ནི་གི་ ས་ཁོངས་ཡོདཔ་ལས་ ཁོང་ལུ་ ཨ་ལུ་བལྟ་ནི་གི་ དཀའ་ངལ་མི་འབྱུང་ནི་མས་ཟེར་ སླབ་ཨིན་པས།
གཡུས་ཚན་ནང་ གསོ་བའི་སྦྱོང་བརྡར་འབད་མི་ ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་རའི་གཡུས་ཁར་ བུམོ་ཚུ་གཞན་ལཱ་གཡོག་འབད་ནི་མེདཔ་ལས་ ཁེ་ཕན་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
གཡུས་ཚན་དེ་ལས་ཐོན་མི་ཡ་ཁྲ་ཚུ་ མ་འོངས་པ་ལུ་ ཀེ་ན་ཌ་ལུ་ ཚོང་སྒྱུར་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment