མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཚོ་སྐམ་འགྱོ་མི་དེ་ཡང་ མཚོ་གི་དོན་ལུ་ གསོལ་ཁ་ཕུལ་མི་དང་ མཚོ་རྫས་ཕུལ་མི་ མེད་པ་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།
དེ་བསྒང་འབད་བ་ཅིན་ གཡུས་སྒོའི་བླམ་ བྱང་ཆུབ་དཔལ་བཟང་གིས་ ལོ་བསྟར་བཞིན་དུ་ གསོལ་ཁ་དང་ མཚོ་རྫས་ཚུ་ ཕུལ་དོ་ཡོད་པའི་ ལོ་རྒྱུས་གོཝ་མས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ མོ་རའི་གཡུས་ཁའི་ ཆོས་རྒྱུད་འཛིན་མི་ཅིག་གིས་ ལཱ་ཚུ་འཕྲོ་མཐུད་དེ་ར་ འབད་སར་མཐོང་ཡི་ཟེར་ཨིན་པས།
མཚོ་དེ་ བུམ་སྡེ་གླིང་འབྲིང་རིམ་སློབ་གྲྭ་བར་མ་དང་ སོག་ཤིང་ཚུ་གི་བར་ན་ ཆགས་ཏེ་ཡོདཔ་ད་ མཚོ་དེ་གི་ མཐའམ་ཅིག་ནང་ པེ་ཏ་དཀརཔོ་ཚར་ཚུ་ཡང་ སྐྱེས་ཏེ་ཡོདཔ་ལས་ གསོལ་ཁ་ཕུལ་ཚར་བའི་ཤུལ་ལུ་ བླམ་ཆོསཔ་ཚུ་གིས་ རྒྱ་གླིང་གི་ ཅིབ་ཅི་བཟོ་ནིའི་དོན་ལུ་ བཏོགས་འབག་འགྱོཝ་ཨིན་ཟེར་ཨིན་པས།
བར་སྐབས་ཅིག་ལས་ གསོལ་ཁ་དང་ མཚོ་རྫས་ཕུལ་མི་ མེད་པ་ལུ་བརྟེན་ ད་རེས་ མཚོ་དེ་ སྐམ་འགྱོ་བའི་ཁར་ ཧམ་བཏགསཔ་མ་ཚད་ པེ་ཏ་དཀརཔོ་གི་ཚར་ཚུ་ཡང་ ཧེ་མ་བཟུམ་སྦེ་ མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀྲོང་གསར་ལས་ སོ་ནམ་པ་ རིན་ཆེན་དཔལ་མོ་གིས་ མོ་ར་ ཆུང་ཀུའི་བསྒང་ལས་ར་ འཐུང་ཆུ་ཚུ་ མོ་རའི་ ཁྱིམ་གྱི་ཉེ་འདབས་ལུ་ཡོད་པའི་ ཨུམ་ཆུ་ཁག་༢ ལས་ དབོག་འབག་སྟེ་ འཐུང་དོ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ ཨུམ་ཆུ་༢ ཆ་ར་ སྐམ་སོ་ཡི་ཟེར་ཨིན་པས།
སྐྱེས་ལོ་༦༤ འབད་མི་ ཨམ་སྲུ་དེ་གིས་འབད་བ་ཅིན་ ཧེ་མ་ མོ་གི་ རྟ་ནོར་སེམས་ཅན་ཚུ་ ཆུ་འཐུང་སའི་ ཆུ་རྫིང་ཚུ་ཡང་ སྐམ་དེས་ཟེར་ སླབ་ཨིན་པས།
རྩི་རང་ལུ་སྡོད་མི་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ ཁོ་གི་གཡུས་ཁར་ ས་འོག་ཆུ་དོང་དང་ རོང་ཆུ་ལེ་ཤ་ཅིག་ སྐམ་སོ་མི་ལུ་བརྟེན་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིནམ་ད་ རྒཔོ་བགྲེསཔ་དེ་གིས་ ཁོང་གི་ འཐུང་ཆུའི་རྐ་འགོ་དེ་ ཀི་ལོ་མི་ཊར་༣༦ དེ་ཅིག་ལུ་ འབད་ནི་དེ་གིས་ ཞིང་ཆུ་ཕར་བཞག་ འཐུང་ནིའི་དོན་ལུ་ཡང་ མི་ལང་པས་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ རྩི་རང་སྟོད་འབྲིང་རིམ་སློབ་གྲྭ་འོག་མ་དེ་ཡང་ འབྲིང་རིམ་སློབ་གྲྭ་བར་མ་ལུ་ ཡར་སེང་འབད་ནི་ཨིན་རུང་ ཆུའི་དཀའ་ངལ་ལུ་བརྟེན་ འབད་མ་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ ཆུའི་རྐ་འགོ་ མང་ཤོས་ཅིག་ར་ སྐམ་འགྱོ་མི་ལུ་བརྟེན་ དཀའ་ངལ་སེལ་ཐབས་འབད་ནིའི་དོན་ལུ་ ལཱ་ཚུ་འབད་དོ་ཡོདཔ་མ་ཚད་ སོ་ནམ་ལྷན་ཁག་གི་འོག་ལུ་ཡོད་པའི་ གལ་ཆེའི་འཕོ་འགྱུར་ལས་སྡེ་གིས་ཡང་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཐབས་ལམ་གྱི་ ལཱ་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
རྩི་རང་གི་ འཐུང་ཆུའི་རྐ་ཚུ་ ལྕགས་སྐུད་རཝ་རྐྱབ་ཡོད་པའི་ཁར་ མཐའ་འཁོར་ལས་ཕར་ ཤིང་ཚུ་ འཛུགས་སྐྱོང་འབད་ནིའི་ ཐབས་ལམ་བཏོན་ཡོད་མི་ རྒེད་འོག་༡༢ ཀྱི་གྲས་ལས་ གཅིག་ རྩི་རང་སྟོད་རྒེད་འོག་ཨིན་པས།
རྩི་རང་སྟོད་ཀྱི་ རྒེད་འོག་བདག་སྐྱོང་འགོ་དཔོན་ ལྷག་པ་དབང་ཕྱུག་གིས་འབད་བ་ཅིན་ མ་འོངས་པ་ལུ་ཡང་ འཐུང་ཆུ་ཚུ་ མ་ཆད་པར་ སྤྱོད་ཚུགས་ནིའི་དོན་ལུ་ ཁོང་གིས་ ད་ལྟོ་ཚུན་ འཐུང་ཆུའི་རྐ་འགོ་༡༥ ལུ་ རཝ་བསྒོར་ཏེ་ཡོད་ཟེར་ཨིན་པས།
གལ་ཆེའི་འཕོ་འགྱུར་ལས་སྡེའི་ ནགས་ཚལ་འགོ་དཔོན་ འཇིགས་མེད་བསྟན་འཛིན་གྱིས་འབད་བ་ཅིན་ སོ་ནམ་དང་ གློག་མེ་ལས་འགུལ་༢ རྒྱལ་ཁབ་ཀྱི་ འོང་འབབ་བཟོ་ནི་ལུ་ གཙོ་ཅན་ཅིག་ཨིནམ་ལས་ ཆུ་འཛིན་སྐྱོང་ཐོག་ གོང་འཕེལ་གཏང་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལྟོ་ ལས་སྡེ་གིས་ གཙང་ཆུ་གིས་ཁྱབ་པའི་ ལུང་གཤོང་དང་འཁྲིལ་ ལུང་གཤོང་སྦོམ་༥ དང་ ཆུང་བ་༢ ནང་ ཐབས་ལམ་གྱི་ལཱ་ཚུ་ འབད་ནིའི་དོན་ལུ་ ཧེ་མ་ར་ ཉེན་ཁ་ཅན་གྱི་ལུང་གཤོང་ཚུ་ ངོས་འཛིན་འབད་ནི་ འགོ་བཙུགས་ཏེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུ་ན་གཙང་ཆུ་དང་ ཝང་ཆུ་ དར་དཀར་ནང་གི་ ཆུ་ཚུ་དང་ ཆུ་ཁའི་ཆུ་ཚུ་ ཉེན་འཚུབ་ཅན་ཅིག་ལུ་ གྱུར་ཡོད་པའི་ ངོས་འཛིན་འབད་དེ་ཡོདཔ་ད་ གཞུང་གི་འཆར་གཞི་དང་འཁྲིལ་ཏེ་ ཐབས་ལམ་ཚུ་ བཏོན་ནི་ཨིན་ཟེར་ སླབ་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment