དེ་སྦེ་ འགྱོ་དགོ་མི་དེ་ཡང་ ས་མཚམས་ཀྱི་ ཁྲོམ་ཚོགས་ཚུ་ནང་ གཞུང་ལམ་ཚུ་ ཆུ་གིས་ མེདཔ་བཏང་མི་ལུ་བརྟེན་ཏེ་ཨིན་པས།
འཇིགས་མེད་རྣམ་རྒྱལ་འཕྲུལ་བཟོ་རིག་སློབ་སྦྱོང་སྤེལ་ཁང་གི་ སློབ་དཔོན་ཅིག་ གནམ་འབྱ་གི་ངལ་གསོ་ ཕུན་ཚོགས་གླིང་ལུ་སོང་ཡོདཔ་ད་ ཁོ་གིས་ ལོག་བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་བའི་སྐབས་ ཁོ་རའི་ སྣུམ་འཁོར་དེ་ ཕུན་ཚོགས་གླིང་ལུ་ བཞག་དགོཔ་ཐོན་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལས་ འོང་པའི་སྐབས་ལུ་ ཀི་ལོ་མི་ཊར་༡༦ ལས་༢༠ གི་བར་ན་ ལམ་ཚུ་ག་ར་མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྣུམ་འཁོར་ཆུང་ཀུ་གཏང་འགྱོ་བ་ཅིན་ མེདཔ་ཐལ་ནི་ཨིནམ་ལས་ ཁོ་རའི་ སྣུམ་འཁོར་ཕོཌ་ཕི་གོ་དེ་ ཕུན་ཚོགས་གླིང་ལུ་བཞག་སྟེ་ གླ་འཁོར་ནང་ འོང་ཡི་ཟེར་ཨིན་པས།
ཆུ་རུད་ཀྱི་ཆུ་ཚུ་ སྣུམ་འཁོར་ལམ་བདའ་སྟེ་ འོང་ཡོདཔ་ཨིན་རུང་ སྣུམ་འཁོར་སྦོམ་ བདའ་འགྱོ་བ་ཅིན་ ཐལ་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་ལྟོ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་༢ ཀྱི་བར་ནང་ཡོད་མི་ བ་ཟམ་དེ་ ཆུ་རུད་ཀྱིས་ འཕྱགས་བདའ་མི་ལུ་བརྟེན་ སྣུམ་འཁོར་ཚུ་ མི་ཐལ་དོ་ཡོདཔ་ཨིན་པས།
ཟམ་དེ་ ཆུ་གིས་འཕྱགས་བདའ་བའི་ཤུལ་ལུ་ དེ་གི་ནངས་པར་ དུམ་གྲ་ཅིག་ ཆུ་ཆུང་ཀུ་འགྱོཝ་ད་ ཆུ་ཁ་སྤེལ་ཏེ་ བཞག་ཡོདཔ་ཨིན་པས།
སྐྱེས་ལོ་༢༢ ལང་མི་ ཨ་ཤོག་དེ་ སྣུམ་འཁོར་བོ་ལེ་རོ་ནང་འཛུལ་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་མི་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ སྣུམ་འཁོར་དེ་ བྱེམ་དང་ ཆུ་ནང་ལས་འགྱོཝ་ད་ སྣུམ་འཁོར་ནང་གི་ འགྲུལ་པ་ཚུ་ག་ར་ ཕྱི་ཁར་ཐོན་ཞིནམ་ལས་ འཕུལ་དགོ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་པའི་སྣུམ་འཁོར་༦༠ དེ་ཅིག་ ས་གནས་ནང་ ཐོགས་ལུས་མི་ལུ་བརྟེན་ རེ་རེ་བཞིན་དུ་ འཕུལ་ཞིནམ་ལས་ ཕྱི་ཁར་བཏོན་ཡི་ཟེར་ཨིནམ་ད་ ཁོ་ར་ འཛུལ་འགྱོ་མི་ སྣུམ་འཁོར་བོ་ལེ་རོ་དེ་ཡང་ ས་གནས་ནང་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ཐོགས་ལུས་སོ་ཡི་ཟེར་ཨིན་པས།
ཆུ་ནང་ལས་ སྣུམ་འཁོར་འཕུལ་མ་ཚུགས་པའི་སྐབས་ ས་གནས་ནང་ལཱ་འབད་མི་ རྒྱ་གར་གྱི་ལས་མི་ཚུ་ལུ་ སྣུམ་འཁོར་རེ་ འཕུལ་བཅུགཔ་ད་ གླ་ཆ་དངུལ་ཀྲམ་༡༠༠ རེ་སྤྲོད་དགོ་པས་ཟེར་ ཨ་ཤོག་གིས་ བཤདཔ་ཨིན་པས།
སྣུམ་འཁོར་སྦོམ་ཚུ་ འཕུལ་སྐྱེལ་མི་དང་ འཐེན་ཚུགས་མི་ སྣུམ་འཁོར་མེདཔ་ལས་བརྟེན་ ཆུ་མ་བརྒལ་བར་ ལོག་འགྱོ་དོ་ཡོདཔ་ཨིན་པས།
ཨ་སམ་གྱི་ གཞུང་ལམ་བདའ་འགྱོ་མི་ འགྲུལ་པ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་མཚམས་གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་ནི་དེ་ དཀའ་ངལ་ཅན་ཅིག་ ཨིན་མས་ཟེར་བའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment