སྤ་ཆུ་བྲེས་མི་གིས་ གནམ་གྲུའི་འཕུར་འགྲུལ་ལུ་ བར་ཆད་རྐྱབ་པའི་མཐོང་སྣང་། |
དེ་བསྒང་ སྤ་ཆུའི་མཐོ་ཚད་དེ་ མི་ཊར་༣ ལས་༤.༩ དེ་ཅིག་གིས་ ཡར་སེང་སོང་ཡོདཔ་ད་ ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ ཆུ་རུད་དེ་ གནམ་ཐང་གི་རིང་ཚད་དང་ འདྲན་འདྲ་འབད་མི་ ཆུ་བྱག་རྐྱབ་མ་ཚར་བར་ ཡོད་མི་ལུ་བརྟེན་ ཐོན་ཡོདཔ་སྦེ་སླབ་ནུག།
ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཆུ་བྱག་གི་འགོ་ལུ་ ས་སྟོང་སྦོམ་སྦེ་ར་ ལུས་མི་ལུ་བརྟེན་ ཆུ་གིས་ གནམ་ཐང་ཁ་ཐུག་ལུ་ འཛུལ་ཡོདཔ་ད་ ཆུ་བྱག་གི་མཇུག་ལུ་ ཆུ་ཐོན་འགྱོ་སའི་ས་ཁོངས་ ཆུང་ཀུ་ཅིག་ལས་ མེད་མི་ལུ་བརྟེན་ གནམ་ཐང་གི་འཛུལ་སྒོ་དང་ ཉེ་འདབས་ཀྱི་ འཁོར་ལམ་ཁར་ ཆུ་འཁྱིལ་ཡོདཔ་སྦེ་ ལྟ་རྟོག་པ་ཚུ་གིས་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ ཆུ་བྲེས་མི་དེ་གིས་ གནམ་ཐང་གི་རྒྱུག་ལམ་ ཕྱོགས་ཅིག་ནང་ཡང་ འཛུལ་ཡོདཔ་ཨིན་རུང་ དབྱེ་ཞིབ་སྡེ་ཚན་ཚུ་གིས་ རྒྱུག་ལམ་ལུ་ གནོད་སྐྱོན་མེདཔ་སྦེ་ མཐོང་བའི་ཤུལ་ལུ་ གནམ་གྲུ་ཆགས་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ ཆུ་བྱག་མཇུག་གི་ ཆ་ཤས་ཅིག་ ཆུ་འཁྱིལ་སྡོད་མི་ཚུ་ བཏོན་བཏང་ནིའི་དོན་ལུ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
མ་གཞི་ གཞན་མི་ གནོད་སྐྱོན་ཚུ་མ་བྱུང་རུང་ སྤ་རོའི་ཁྲིམས་སྲུང་འགག་པ་དང་ རྫོང་ཁག་གིས་ ས་གནས་ནང་སྡོད་མི་ཚུ་ དྲན་ཤེས་ཐོག་ལུ་ སྡོད་དགོ་པའི་ ཁ་བཀོད་བྱིན་ཡོདཔ་ ཨིན་པའི་གནས་ཚུལ།
No comments:
Post a Comment