འཐུང་ཆུ་ ལང་མ་ཚུགས་པར་ལུས་མི་ ཆུའི་ཀ་ལི། |
དེ་ཡང་ འཐུང་ཆུའི་རྐ་ རྩ་བརྟན་ལས་ར་མེད་པའི་གཡུས་ཚན་༦༤ གི་ ཁྱིམ་གུང་༩༤༦ དང་ གཙུག་སྡེ་༥ དང་ གཡུས་ཚན་༣༦ ནང་ ཁྱིམ་གུང་༡,༠༤༧ དང་ གཙུག་སྡེ་༡༢ ལུ་ འཐུང་ཆུ་ལངམ་སྦེ་ མེད་པའི་སྙན་ཞུ་ཚུ་ཡོདཔ་ཨིན་པས།
ཞིབ་དཔྱད་ནང་གསལ་བཀོད་འབད་མི་ལྟར་དུ་འབད་བ་ཅིན་ ཆུ་དུང་ནང་ ཆུ་ཡོད་མེད་དང་ ཆུ་རྐའི་ལམ་ཐག་རིང་ཧིང་ དེ་ལས་ ཧེ་མ་འཐུང་ཆུ་ལངམ་ཡོད་མི་ཚུ་ ཤུལ་ལས་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ཆུའི་རྐ་སྐམ་སོང་མི་ཚུའི་སྐོར་ལས་ དབྱེ་ཞིབ་འབད་བའི་ཁར་ དབྱེ་ཞིབ་དང་འཁྲིལཝ་ད་ གཡུས་ཚན་༡༢ དེ་ཅིག་ནང་ མི་རློབས་གྲངས་འབོར་༨༠༠༠ དེ་ཅིག་ལུ་ འཐུང་ཆུ་ཡོད་རུང་ ལང་མ་ཚུགས་པ་ཡོདཔ་འི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་ཅིག་ནང་ འགོ་ཐོག་འཐུང་ཆུ་བཏོནམ་ད་ ལང་ཚུགས་པའི་ཚོད་རྩིས་ཐོག་ལས་བཏོན་ཡོད་རུང་ ཤུལ་ལས་ གོང་འཕེལ་གྱི་ལས་སྣ་ སློབ་གྲྭ་དང་ སྨན་ཁང་ལ་སོགས་པ་ཚུ་ རྐྱབ་པའི་བསྒང་ལས་ ཆུ་བགོ་བཀྲམ་འབད་འགྱོ་དགོ་ནི་དེ་གིས་ དཀའ་ངལ་ཚུ་འདུག་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༠༨ ལུ་ ཆུ་རྩ་ལས་ར་མེད་པར་སྡོད་མི་ བརྒྱ་ཆ་༢༠ དང་༣༠ གི་བར་ན་ཡོད་མི་ལས་ གསོ་བའི་ལྷན་ཁག་གིས་ བརྩོན་ཤུགས་བསྐྱེད་ཐོག་ལས་ ས་གནས་གཞུང་ལུ་ མཁས་རིག་གི་རྒྱབ་སྐྱོར་དང་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་འབད་དེ་ཡོད་ཟེར་ གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ འདས་པའི་དྲི་བཀོད་ནང་གསུངསམ་ཨིན་མས།
སྤྱི་ལོ་༡༩༩༠ ལས་ ད་ཚུན་གྱི་བར་ན་འབད་བ་ཅིན་ འཐུང་ཆུ་བཀྲམ་སྤེལ་གྱི་ལས་དོན་ཚུ་ ལེ་ཤ་གིས་ གོང་འཕེལ་ཡར་སོ་ཡི་ཟེར་ཨིནམ་ད་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ སྤུས་ཚད་དང་ལྡན་པའི་ འཐུང་ཆུ་ལངམ་མེད་མི་ བརྒྱ་ཆ་༥༥ ཡོད་ས་ལས་ སྤྱི་ལོ་༢༠༠༠ ལུ་ བརྒྱ་ཆ་༢༢ དང་ སྤྱི་ལོ་༢༠༠༧ ལུ་ བརྒྱ་ཆ་༡༠ ལུ་མར་ཕབ་འབད་ཡི་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཡུས་ཚན་ལ་ལུ་ཅིག་ནང་ ཁྱིམ་གུང་དག་པ་ཅིག་ལས་ མེད་རུང་ འཐུང་ཆུའི་རྐ་ ཉེ་འདབས་ལུ་མེད་ནི་དེ་གིས་ དཀའ་ངལ་ཡོདཔ་ལས་བརྟེན་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ གཞི་ཆགས་འབད་ནིའི་ འཆར་གཞི་ཚུ་ཡོད་ཟེར་ཨིན་པས།
ཐབས་ཤེས་ཚུ་གི་གྲས་ལས་ཅིག་དེ་ ས་ཡི་ཆགས་ཚུལ་དང་འཁྲིལ་ གཡུས་ཚན་ལ་ལུ་ཅིག་ནང་ ཆར་ཆུ་ཚུ་ བསགས་མཛོད་ནང་བཀང་ཞིནམ་ལས་ གནམ་སྐམ་གྱི་དུས་ཚོད་ལུ་ ལག་ལེན་འཐབ་ནིའི་འཆར་གཞི་ཡོདཔ་ད་ བྱ་ཐབས་མེད་མི་ རྒེད་འོག་ལ་ལུ་ཅིག་ནང་ གློག་ཤུགས་ལག་ལེན་འཐབ་ཐོག་ལས་ ཆུ་འཐེན་ནིའི་འཆར་གཞི་ཚུ་ བརྩམ་པའི་བསྒང་ར་ཡོདཔ་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འཐུང་ཆུ་ཁྱབ་སྤེལ་བཏང་ནིའི་དོན་ལུ་ ཐབས་ལམ་དང་འདྲཝ་སྦེ་ མོ་བཏབ་ལས་འགུལ་ཚུ་ཡང་ ཧ་ལམ་ཅིག་འབད་ཡོད་པའི་ཁར་ འཆར་གཞི་༡༡ པའི་ནང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོདཔ་བཞིན་དུ་ ཐམར་འཁྱོལ་ཅན་གྱི་གྲུབ་འབྲས་འབྱུང་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
འཐུང་ཆུའི་བཅའ་ཁྲིམས་ ཆ་འཇོག་གནང་པའི་ཤུལ་ལུ་ འཐུང་ཆུའི་རྐ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ རང་བཞིན་གནས་སྟངས་ལྷན་ཚོགས་དང་ འབྲེལ་བ་འཐབ་སྟེ་ ཆུའི་རྐ་འཛིན་སྐྱོང་ཚུ་ ལག་ལེན་འཐབ་ནིའི་རེ་བ་ཡོད་ཟེར་ གསོ་བའི་འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment