༣༠/༠༧/༢༠༡༢། ༉ འབྲུག་གོང་འཕེལ་དངུལ་ཁང་ལུ་ ངེས་པར་དུ་ གཞུང་ལས་ ལྷན་ཐབས་དགོ་པའི་ གནས་སྟངས་གུ་ ལྷོད་དེ་འབད་བ་ཅིན་ གཞུང་གིས་ ལྷན་ཐབས་མ་དངུལ་ གནང་ནི་གི་ འོས་འབབ་ཡོདཔ་ཨིན་རུང་ དངུལ་ཁང་གིས་ དང་པ་ར་ གྲོང་གསེབ་སྐྱིན་འགྲུལ་ལུ་ གཙོ་བོར་བཏོན་ཞིནམ་ལས་ རང་མགོ་རང་འདྲོང་ཐོག་ ལག་ལེན་འཐབ་ཚུགས་པའི་ ཐབས་ཤེས་ཚུ་ བཏོན་དགོཔ་ཨིན་པས།
བློན་པོ་ཡེ་ཤེས་སྦྱིན་པ་གིས་ བརྡ་བརྒྱུད་ཚུ་ལུ་ བཤད་མིའི་ནང་ དངུལ་ཁང་གིས་ ལག་ལེན་འགོ་འདྲེན་འཐབ་སྟེ་ གཙོ་བོར་བཏོན་པ་ཅིན་ གཞུང་ལས་ ལྷན་ཐབས་འབད་མ་དགོཔ་སྦེ་ར་ གྲོང་གསེབ་སྐྱིན་འགྲུལ་ འགོ་འདྲེན་འཐབ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིནམ་ད་ དངུལ་ཁང་དེ་ གྲོང་གསེབ་སྐྱིན་འགྲུལ་ལུ་ གཙོ་བོར་བཏོན་དགོ་ཟེར་བའི་སྐབས་ སོ་ནམ་དང་འབྲེལ་བའི་ སྐྱིན་འགྲུལ་རྐྱངམ་གཅིག་མིན་པར་ འོང་འབབ་དང་ ཁེ་སང་ཡོད་པའི་ ས་གོ་གཞན་ཡང་ ཡོད་ཟེར་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ འགོ་ཐོག་གཞུང་གིས་ གྲོང་གསེབ་ལུ་གཙོ་བོར་བཏོན་མི་ དངུལ་ཁང་གསརཔ་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་བྱུང་ཡོད་རུང་ འབྲུག་གོང་འཕེལ་དངུལ་ཁང་གིས་ གྲོང་གསེབ་ས་གནས་ཁག་ཚུ་ནང་ལས་ཕར་ ཡན་ལག་ཡིག་ཚང་གཞི་བཙུགས་འབད་ཡོདཔ་ལས་ གྲོང་གསེབ་སྐྱིན་འགྲུལ་གྱི་འགན་འཁྲི་དེ་ དངུལ་ཁང་དེ་ལུ་སྤྲོད་ནི་སྦེ་ གྲོས་ཆོད་བྱུང་ཡི་ཟེར་ཨིནམ་ད་ ཚོང་འབྲེལ་གནས་སྟངས་དང་འབྲེལ་བའི་ སྐྱིན་འགྲུལ་ཞབས་ཏོག་གི་དོན་ལུ་ གཞན་མི་དངུལ་ཁང་ལེ་ཤ་འདུག་ཟེར་ཨིན་པས།
དངུལ་ཁང་གིས་ གྲོང་གསེབ་སྐྱིན་འགྲུལ་ལུ་གཙོ་བོར་བཏོན་པའི་བསྒང་ལས་ སྐྱིན་ཚབ་དུས་ཚོད་ཁར་མ་ཐོབ་པའི་གནས་སྟངས་དང་ སྐྱིན་འགྲུལ་གྱི་ གྲུབ་འབྲས་ལེགས་ཤོམ་མེད་པའི་ དོ་འགྲན་འབྱུང་ནི་ཨིན་རུང་ གནད་གལ་ཆེ་ཤོས་ར་ ཞབས་ཏོག་དེ་ གྲོང་གསེབ་གཡུས་མི་ཚུ་ལུ་ ལྷོད་ཚུགསཔ་བཟོ་ནི་དེ་ཨིནམ་ལས་ དངུལ་ཁང་གིས་ རང་མགོ་རང་འདྲོངས་ཀྱི་ཐབས་ཤེས་སྣ་ཚོགས་ འགོ་འདྲེན་འཐབ་སྟེ་ ཡུན་བརྟན་གནས་ཐབས་ཚུ་འབད་རུང་ ཉེན་ཁའི་གནས་སྟངས་འགྱུར་བ་ཅིན་ གཞུང་གིས་ ལྷན་ཐབས་མ་འབད་བར་ བཞག་ཐབས་མེད་ཟེར་ཨིན་པས།
སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ གསུངས་མིའི་ནང་ གཞུང་གིས་ རྒྱལ་སྤྱི་སྐྱིན་འགྲུལ་ཞབས་ཏོག་ཚུ་ ལག་ལེན་འཐབ་ཐོག་ལས་ དངུལ་ཁང་བརྒྱུད་དེ་ གྲོང་གསེབ་མི་མང་ཚུ་ལུ་ བཏང་ནིའི་ཐབས་ཤེས་ཚུ་འབད་དགོཔ་འོང་ཟེར་ཨིན་པས།
དངུལ་ཁང་དེ་གིས་ རྒྱལ་སྤྱི་ལས་སྡེ་ ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་ཚུ་ནང་ལས་ གྲོགས་རམ་ཐོབ་དོ་ཡོདཔ་ད་ དངུལ་ཁང་གི་ སྤྱི་ལོ་༢༠༡༠ གྱི་རྩིས་ཁྲ་དང་འཁྲིལཝ་ད་ གྲོགས་རམ་མ་དངུལ་ས ་ཡ་༢༡༢.༡ དེ་ཅིག་ ཐོབ་ཡོད་པའི་གསལ་སྟོན་ བྱུང་ཡོདཔ་ཨིན་པས།
སོ་ནམ་བློན་པོ་གིས་གསུངས་མིའི་ནང་ འགོ་ཐོག་ དངུལ་ཁང་དེ་ འགོ་བཙུགས་པའི་སྐབས་ རྒྱལ་སྤྱི་ལས་སྡེ་ཚུ་ལས་ གྲོགས་རམ་ལྷན་ཐབས་ རྒྱ་ཆེ་དྲགས་སྦེ་ཐོབ་ཡོད་རུང་ དེ་ཚུ་ ཚུལ་མཐུན་ལག་ལེན་མ་འཐབ་པས་ཟེར་ཨིནམ་ད་ ལྷན་ཐབས་མ་དངུལ་ལས་ བརྒྱ་ཆ་༣ དེ་ཅིག་མ་གཏོགས་ གྲོང་གསེབ་མི་སེར་ཚུ་ལུ་ ལྷོད་མ་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།
No comments:
Post a Comment