ལས་རིམ་འགོ་འདྲེན་པ་ ཏའུ་ཅུ་རབ་རྒྱས་ཀྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་གློག་བརྙན་ཚོགས་པ་ལས་ འཁྲབ་རྩེདཔ་རིན་ཆེན་རྣམ་རྒྱལ་དང་ ལེགས་སྐྱིད་རྡོ་རྗེ་ ཁོང་༣ མཉམ་རུབ་ཐོག་ལས་ ལས་རིམ་བཟོ་མི་དེ་ ཐིམ་ཕུ་ཤེས་རིག་ཁྲོམ་སྡེ་ལུ་ སྙན་ཞུ་འབད་ཞིནམ་ལས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ དབང་འདུས་ཕོ་བྲང་རྫོང་ཉམས་བཅོས་ཞུ་ནིའི་དོན་ལུ་ མི་སེར་ཚུ་གིས་ ཞལ་འདེབས་ཕུལ་ནི་ལུ་ དད་པ་དང་དང་འདོད་སྦོམ་ཡོད་རུང་ ཕུལ་སའི་ ས་གོ་མེད་པར་སྡོད་མི་ཚུ་གི་དོན་ལུ་ ང་བཅས་ཀྱིས་ ལཱ་འཇམ་ཏོངོ་ཏོ་སྦེ་ འབད་ཐབས་ལུ་ཨིན་ཟེར་ ཨིན་པས།
འབྲུག་གློག་བརྙན་ཚོགས་པའི་ འཁྲབ་རྩེདཔ་ ཕོ་དང་མོ་ ལས་རིམ་བཟོ་མིའི་སྦྱིན་བདག་ ཐིམ་ཕུ་ཤེས་རིག་ཁྲོམ་སྡེའི་སློབ་ཕྲུག་ དེ་ལས་ གསུང་སྐད་དྲག་ཤོས་ཐོན་མི་ བུཚ་དང་ བུམོ་ཚུ་གིས་ སྤྲོ་བའི་ལས་རིམ་སྟོན་ཐོག་ལས་ མི་མང་སྤུངས་འཛོམས་འབད་དེ་ ཞལ་འདེབས་ཚུ་ བསྡུ་ལེན་འབད་ཡི་ཟེར་ཨིན་པས།
ཐིམ་ཕུ་ཤེས་རིག་ཁྲོམ་སྡེ་ལས་ ཤེས་རིག་ལས་རོགས་འགོ་དཔོན་ ཨོ་རྒྱན་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་སྡེ་ནང་ ཡོད་པའི་ཟ་ཁང་དང་ སློབ་གྲྭ་ཁག་གི་ ཨིས་ཀའུཊ་སློབ་ཕྲུག་ཚུ་གིས་སྦེ་ རྩེདམོ་སྣ་ཚོགས་འགོ་འདྲེན་འཐབ་ཡོད་མི་ལས་ མ་དངུལ་ག་དེ་ཅིག་བཟོ་ཡོད་རུང་ དབང་འདུས་ཕོ་བྲང་རྫོང་གི་དོན་ལུ་ཨིནམ་ལས་ ཉིནམ་གཉིས་ཀྱི་ནང་འཁོད་ལུ་ དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་བསྡུ་ལེན་འབད་ཡི་ཟེར་ཨིན་པས།
སྤྲོ་བའི་ལས་རིམ་ནང་ལས་འབད་བ་ཅིན་ ཉིན་གྲངས་༢ འི་ནང་འཁོད་ལུ་ ཞལ་འདེབས་དངུལ་ཀྲམ་འབུམ་ ཕྱེད་དང་གཉིས་ལྷགཔ་ཅིག་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ ལས་རིམ་ཁག་གཉིས་ཀྱི་ མ་དངུལ་མཉམ་བསྡེབ་འབདཝ་ད་ ཡོངས་བསྡོམས་དངུལ་ཀྲམ་འབུམ་༥ ལྷགཔ་ཅིག་བསྡུ་ལེན་འབད་ཡི་ཟེར་ ལས་རིམ་འགོ་འདྲེན་འཐབ་མི་ ཏའུ་ཅུ་རབ་རྒྱས་ཀྱིས་བཤདཔ་ཨིན་པས།
ཞལ་འདེབས་ཐོབ་མིའི་མ་དངུལ་ཚུ་ག་ར་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ རྩིས་སྤྲོད་འབད་ནི་ཨིནམ་ལས་ དེ་བཟུམ་གྱི་ལས་རིམ་ཚུ་ ཤུལ་ལས་ཡང་འོས་འབབ་དང་འཁྲིལ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment