༣༡/༠༧/༢༠༡༢།༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ ཀྲོང་གསར་ནུབ་སྦིས་རྒེད་འོག་གི་ རྡོ་གཞོང་དགོན་པ་ལུ་ སེམས་ཅན་སྟག་གིས་ ནོར་༤ བསད་ཡོདཔ་ད་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱིས་ གྱོང་རྒུད་ཕོག་མི་ཚུ་ལུ་ སེམས་གསོ་ཚུ་སྤྲོད་ནི་ཨིན་རུང་ རྒུད་འཐུས་ རིན་གོང་ཧྲིལ་པོ་སྦེ་བྱིན་ནིའི་དོན་ལུ་ མ་དངུལ་ཚུ་ འདས་པའི་ལོ་ངོ་༦ དེ་ཅིག་ལས་ར་ ལངམ་སྦེ་མིན་འདུག་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༠༢ ལས་༢༠༠༥ དེ་ཅིག་གི་བར་ན་ ཕྱི་མི་ཅིག་གིས་འབད་ གཅན་གཟན་སྟག་གི་སྲུང་སྐྱོབ་ཀྱི་རྒྱབ་སྐྱོར་ལུ་ སྒོ་ནོར་ལུ་གནོདཔ་བཀལ་མིའི་ རྒུད་འཐུས་བྱིན་ནིའི་དོན་ལུ་ མ་དངུལ་རྒྱབ་སྐྱོར་ཅིག་ ཐོབ་ཡོད་ནི་དེ་གིས་ རྒུད་འཐུས་ཀྱི་མ་དངུལ་ཚུ་ དེ་ཁ་ལས་བྱིན་ཡོད་རུང་ སྤྱི་ལོ་༢༠༠༦ ལས་ཚུར་ མ་དངུལ་དེ་ རྫོགས་ཞིནམ་ལས་ རྒུད་འཐུས་སྤྲོད་མ་ཚུགས་པ་ལུས་ཡོདཔ་ཨིན་རུང་ གཞུང་གིས་ མ་དངུལ་དུམ་གྲ་རེ་བཞག་མི་དང་ རྒྱལ་སྤྱིའི་ལས་སྡེ་ཚུ་ལས་ གྲོགས་རམ་ཐོབ་མིའི་ཐོག་ལས་སྦེ་ སེམས་གསོའི་རྒུད་འཐུས་ཚུ་བྱིནམ་ཨིན་ཟེར་ཨིན་པས།
རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཀྲོང་གསར་དེ་ རྒྱལ་ཡོངས་གླིང་ཁ་ཚུ་གི་ སྦུག་ལུ་ཚུད་པའི་ཁར་ ནགས་ཚལ་གྱི་མཐུན་སྦྲེལ་ཡོད་ནི་དེ་གིས་ ལྷོ་མཚམས་རྒྱ་གར་གྱི་ ས་ཁོངས་ལས་ཕར་ གོང་འཕེལ་གྱི་གནས་སྟངས་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་ ཁ་ཡར་ཕྱོགས་ལུ་ གནས་སྤོ་བའི་ལམ་ཁར་ ཚུད་དོ་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
རྡོ་གཞོང་དགོན་པའི་ས་ཁོངས་དེ་ཁ་ལས་ཕར་ གཡུས་མིའི་སྡོད་ཁྱིམ་ཚུ་ ཁ་གཏོར་ཏེ་ཡོད་པའི་ཁར་ ནགས་ཚལ་གྱི་སྦུག་ལུ་ཨིནམ་ལས་ སྒོ་ནོར་གྱི་གྱངས་ཁ་ཡར་སེང་འགྱོ་མི་དང་ རི་དྭགས་སེམས་ཅན་དང་ཕྱདཔ་ད་ སྒོ་ནོར་སེམས་ཅན་བཟུང་ནི་དེ་ འཇམ་དོ་ཡོད་མི་ལུ་བརྟེན་ སྒོ་ནོར་སེམས་ཅན་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
རྡོ་གཞོང་དགོན་པ་ལུ་ སྒོ་ནོར་སེམས་ཅན་ཡོངས་བསྡོམས་༢༠༠ དང་༥༠༠ གི་བར་ན་ཡོདཔ་ད་ ལོ་བསྟར་བཞིན་དུ་ གཅན་གཟན་སྟག་གིས་ སྒོ་ནོར་༡༠ དང་༡༥ གི་བར་ན་ བསད་ཡོད་པའི་ སྙན་ཞུ་ལྷོདཔ་མས་ཟེར་ ཀྲོང་གསར་སྒོ་ནོར་འགོ་དཔོན་ ཌི་ཀེ་གུ་རུང་གིས་བཤདཔ་ཨིན་པས།
གཅན་གཟན་སྟག་གི་སྲུང་སྐྱོབ་དང་ མི་སྡེའི་རྒྱབ་སྐྱོར་དང་འབྲེལ་བའི་ རྒུད་འཐུས་སྤྲོད་ཚུགསཔ་བཟོ་ཐབས་ལུ་ སྡེ་ཚན་གྱིས་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དཀའ་ངལ་འཛིན་སྐྱོང་གི་ ཞལ་འདེབས་མ་དངུལ་ཅིག་ འགོ་བཙུགས་ཏེ་ཡོདཔ་ལས་ ད་ལྟོ་ ཞལ་འདེབས་མ་དངུལ་ ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༤.༢ དེ་ཅིག་བསགས་ཡོདཔ་མ་ཚད་ འབྲུག་རང་བཞིན་སྲུང་སྐྱོབ་བློ་གཏད་མ་དངུལ་གྱིས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ གྲོགས་རམ་འབད་ནི་གི་ ཁས་ལེན་འབད་ཡི་ཟེར་ཨིན་པས།
ཀྲོང་གསར་དེ་ སེམས་ཅན་སྟག་གི་དོན་ལུ་ གལ་ཅན་གྱི་ས་གནས་ཅིག་ཨིན་པའི་ཁར་ མི་སྡེ་ནང་ཡང་ འཕྲལ་ཁམས་ལུ་ གཅན་གཟན་སྟག་དང་འབྲེལ་བའི་ དཀའ་ངལ་ཚུ་ཐོན་དོ་ཡོདཔ་ལས་ མི་མང་གིས་ སེམས་ཅན་སྟག་གི་ གལ་གནད་ཧ་གོ་ཐབས་ལུ་དམིགས་ཏེ་ དུས་ཅི་ རྒྱལ་སྤྱི་སེམས་ཅན་སྟག་གི་ཉིནམ་དེ་ཡང་ ཀྲོང་གསར་ སྦྱིས་ཟམ་ མི་སྡེ་སློབ་གྲྭ་ཆུང་བའི་ནང་སྦེ་ སྤྱི་ཟླ་༧ པའི་ཚེས་༢༩ ལུ་ བརྩི་སྲུང་འབད་ཡོདཔ་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment