ད་ལྟོ་ཚུན་ ས་ཁྲམ་བཀོད་མ་ཚུགས་པར་ལུས་མི་ ཐར་པ་གླིང་དགོན་པའི་མཐོང་སྣང་། |
རྒྱལ་ཁབ་ནང་ ལྷ་ཁང་རྙིང་ཤོས་དང་ ཡོངས་གྲགས་ཅན་ཅིག་ཨིན་མི་ ཐར་པ་གླིང་གྲྭ་ཚང་ལུ་ ད་ལྟོའི་ ས་ཁོངས་ནང་ སྐམ་ཞིང་ཨེ་ཀར་༣༡ ཡོདཔ་མ་ཚད་ ཆོས་འཁོར་རྒེད་འོག་ནང་ སྐམ་ཞིང་ཨེ་ཀར་༣.༢༠ ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ ལག་ཁྲམ་དང་ ས་ཁྲམ་མེད་པར་ ལུས་ཡོདཔ་ཨིན་པས།
ང་བཅས་ཀྱིས་ གྲྭ་ཚང་གི་ མིང་ཐོ་ཁར་ ཁྲམ་རྐྱབ་ནི་གི་ དཔའ་བཅམ་ཡོད་རུང་ རྒྱབ་སྣོན་ཡིག་ཆ་ཚུ་མེདཔ་ལས་ ཁྲམ་བཀོད་མ་ཚུགས་པར་ ལུས་སོ་ཡི་ཟེར་ ཐར་པ་གླིང་གྲྭ་ཚང་གི་དྲུང་ཆེན་ དཀོན་མཆོག་གིས་ སླབ་པའི་ཁར་ ཁྲམ་བཀོད་མ་ཚུགས་པའི་ གནད་དོན་ཅིག་ དགོན་པ་དེ་ནང་ ལཱ་འབད་མི་ཚུ་ སོར་ཡི་ར་ སྡོད་ནི་དེ་གིས་ དུས་མཐུན་བཟོ་མ་ཚུགསཔ་འོང་ནི་མས་ཟེར་ སླབ་ཨིན་པས།
ཨིན་རུང་ སྤྱི་ལོ་༡༣༠༠ གི་ ལོ་གྲངས་ནང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ གདན་ས་ཕྱག་བཏབ་གནང་མི་ ཐར་པ་གླིང་གྲྭ་ཚང་དེ་ ད་ལས་ཕར་ གཞན་གྱིས་ ས་ཆ་ཐོབ་བརྗོད་བཀོད་པའི་ ཚ་གྱང་མེད་མི་དེ་ཡང་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཆ་བཞག་གི་ཁྲམ་དང་ ས་ཐེབས་ཐོན་མི་ཚུ་ སྐྱིད་སྡུག་སྦེ་གནང་ཡི།
ས་ཁྲམ་མེད་མི་དང་ ས་ཁྲམ་ཡོད་རུང་ ས་ཐེབས་ཐོན་མི་གྲྭ་ཚང་དང་ རབ་སྡེ་༡༥ དང་ མི་སྡེ་དང་ སྒེར་གྱི་ལྷ་ཁང་༧༠ ཞི་བའི་ལས་ཚོགས་༤ འབདཝ་ད་༨༩ ལུ་ ས་ཐེབས་ཨེ་ཀར་༡༢༥.༣༥ ཁྲམ་དང་བཅས་ སྐྱིད་སྡུག་སྦེ་གནང་ཡི།
ད་རེས་ནངས་པ་ བུམ་ཐང་རྫོང་ཁག་ནང་ གཞུང་དང་ དམངས་ སྒེར་མི་ཚུ་ལུ་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་༡༡༤ དེ་ཅིག་ ཐོ་བཀོད་འབད་ཡོད་རུང་ མང་ཤོས་ཅིག་ལུ་ ས་ཁྲམ་མེདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསུངས་མིའི་ནང་ ལྷ་ཁང་དགོན་སྡེ་ཚུ་ རྒྱལ་ཁབ་དང་ མི་སེར་གྱི་ དགའ་སྐྱིད་དང་ ཞི་བདེའི་དོན་ལུ་ ཕ་བརྒྱུད་བུ་བརྒྱུད་སྦེ་ བདག་འཛིན་འཐབ་དགོཔ་ གལ་ཆེ་མི་ལུ་བརྟེན་ ཁྲམ་དང་ སའི་སྐྱིད་སྡུག་གནངམ་ཨིན་ཟེར་ཨིན་པས།
དྲུང་ཆེན་དཀོན་མཆོག་གིས་འབད་བ་ཅིན་ མ་གཞི་ ཆོས་འཁོར་རྒེད་འོག་ནང་ ཐར་པ་གླིང་གྲྭ་ཚང་ལུ་ སྐམ་ཞིང་ཨེ་ཀར་༣ ལྷགཔ་ཅིག་ཡོད་མི་དེ་ལུ་ ཁྲམ་ཡོད་རུང་ སྐབས་ཅིག་ལས་ ཁྲམ་ནང་ལས་ འཛགས་ལུས་ཤོར་སོ་ནུག་ཟེར་ཨིན་པས།
བུམ་ཐང་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཆོས་འཁོར་རྒཔོ་ སྲང་ལ་གིས་ སླམ་བིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷ་ཁང་དགོན་སྡེ་ཚུ་ལུ་ སའི་སྐྱིད་སྡུག་དང་ ཁྲམ་མ་གནང་པ་ཅིན་ ཁ་ཤུགས་དང་ དབང་ཤུགས་ བླ་སྤྲུལ་ཚུ་གིས་ ཐོབ་བརྗོད་བཀོད་ནི་གི་ ཉེན་ཁ་སྦོམ་ཡོད་ཟེར་ཨིན་པས།
ད་རུང་ ཁ་ཙ་ མི་དབང་མཆོག་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ དཔོན་ཁག་བགྲེསཔ་ དེ་ལས་ གཡུས་སྒོའི་གོ་ཤེས་ཉན་ཤེས་༡༠༠ དེ་ཅིག་ འཛོམས་ཐོག་ལུ་ རྒེད་འོག་༤ གི་ ལྷ་ཁང་དགོན་སྡེ་༨༩ རྩིས་ཏེ་ ཁྲམ་གྱི་ཇོ་བདག་༣,༠༠༩ ལུ་ ས་ཆ་ཨེ་ཀར་༡,༢༡༡ ལྷགཔ་ཅིག་ སྐྱིད་སྡུག་གནང་ཡི།
དེ་གི་གྲངས་སུ་ ངོ་རྐྱང་ཁྲམ་འཆང་མི་༢,༤༢༠ ལུ་ ས་ཐེབས་ཨེ་ཀར་༧༡༥ དང་ ཁྲམ་མེད་པར་ ཕ་བརྒྱུད་བུ་བརྒྱུད་སྦེ་ བཟའ་སྤྱོད་འབད་མི་དང་ ཁྱིམ་རྐྱབ་ཡོད་མི་ ཁྱིམ་ས་༡༤༤ གི་ ས་ཆ་ཨེ་ཀར་༣༣ དེ་ལས་ རྒྱལ་ཁམས་ཀྱི་ས་ཆ་ནང་ བཟའ་སྤྱོད་འབད་མི་དང་ ཡང་ཅིན་ ལོག་གཞུང་ལུ་ཕུལ་མི་ ཁྲམ་གྱི་ཇོ་བདག་༣༥༦ གི་ ས་ཆ་ཨེ་ཀར་༢༣༩ ཚུ་ ཚུདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ ས་ཐེབས་ཐོན་མི་ཚུ་ལུ་ རིན་དངུལ་ས་ཡ་༡༡.༧༩ ཕོག་མི་དེ་ཡང་ དགོངས་ཡངས་གནང་ཡོད་པའི་གནས་ཚུལ།
བུམ་ཐང་ལས་ རིག་འཛིན་དབང་ཕྱུག།
No comments:
Post a Comment