མི་སེར་ཚུ་གིས་ སླབ་མིའི་ནང་ ཝ་ན་ཁ་སློབ་གྲྭའི་ས་ཁོངས་དེ་ རྒེད་འོག་གི་གཡུས་ཚན་ ཝ་ན་ཁ་དང་ བརྩོན་འགྲུས་དགོན་པ་ ལྟོ་ཁ་ ཚེ་ཚབ་ ཟུར་སུ་ན་ དེ་ལས་ བྱཱ་ཞིང་ན་གཡུས་ཚན་གྱི་ མི་སེར་ཚུ་འཛོམས་སའི་ས་ཁོངས་ ངོ་མ་ཅིག་ཨིནམ་ད་ སློབ་གྲྭ་དེ་གི་འོག་ལས་མར་ གཞུང་ས་ཡོད་མིའི་ནང་ མ་འོངས་པར་ གཡུས་ཚན་ཚུ་གི་དོན་ལུ་ གོང་འཕེལ་གྱི་ལས་སྣ་ ཁག་ལེ་ཤ་ཅིག་འབད་ནི་སྦེ་ འཆར་གཞི་བརྩམས་་ཡོད་ཟེར་ཨིན་པས།
ངོ་ཚབ་འཐུས་མི་ཚུ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ འདེམས་ཁོངས་གནང་བྱིན་མ་དངུལ་ཐོག་ལས་ རྒེད་འོག་རྒྱ་སྐྱེད་ཡིག་ཚང་དང་ གཞན་ཡང་ ད་རེས་ཡོད་པའི་ གྲོང་གཡུས་སྨན་སྤྲོད་ཁང་དེ་ གྲོང་གསེབ་གཞི་རྟེན་སྨན་ཁང་ལུ་བརྒྱ་བསྐྱེད་འབད་ནི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ རྒྱ་བསྐྱེད་ཡིག་ཚང་ དེ་ལས་ མི་མང་འཛོམས་འདུ་ཁང་ཚུ་ རྐྱབ་ནིའི་འཆར་གཞི་ཡོདཔ་མ་ཚད་ ས་ཐེབས་ལུས་མི་ཚུ་ མི་སྡེའི་ནགས་ཚལ་བཟོ་ནི་ཟེར་ ཟླཝ་༣ དེ་ཅིག་གི་ཧེ་མར་ མི་སེར་ཚུ་གིས་ རྒེད་འོག་ལུ་ ཞུ་ཡིག་བཙུགས་རུང་ དབྱེ་ཞིབ་འབད་བར་ ག་ཡང་འོང་མ་བཏུབ་ཟེར་ཨིན་པས།
ད་རེས་འབདཝ་ད་ ས་གནས་དེ་ཁའི་མི་སེར་ཚུ་ལུ་ གྲོས་བསྟུན་མེད་པར་ རྫོང་ཁག་དང་ ས་འཇལ་འགོ་དཔོན་ རྒཔོ་ དམངས་མི་ཚུ་གིས་ ཐག་རང་བཅད་ཐོག་ལས་ ས་ཆ་འཇལ་ཏེ་ བེ་ཏི་ཁའི་མི་ཚུ་ལུ་ སྤྲོད་ནི་ལུ་ གྲ་སྒྲིག་འབད་དོ་ཡོདཔ་སྦེ་ མི་སེར་ཚུ་གིས་ སླབ་ཨིན་པས།
སྐྱེས་ལོ་༣༦ ལང་མི་ ཝ་ན་ཁའི་གཡུས་མི་ཅིག་གིས་ བཤད་མིའི་ནང་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ གཞུང་ས་དེ་འཇལ་ས་མཐོངམ་ཅིག་ ས་གནས་དེ་ཁར་སོང་སྟེ་ ཞུ་བ་འབད་རུང་ འགོ་དཔོན་ཚུ་གིས་ ཉན་མ་བཏུབ་མ་ཚད་ ཁྱོད་ལུ་ ལག་ཁྲམ་མེད་པ་ཅིན་ གཞུང་ས་དེ་གི་སྐོར་ལས་ ཉོགས་བཤད་བཀོད་མི་ཆོག་ཟེར་ སླབ་མས་ཟེར་ཨིན་པས།
ས་ཚབ་དེ་ཡང་ ལོ་༩ དེ་ཅིག་གི་ཧེ་མར་ བེ་ཏི་ཁ་སློབ་གྲྭ་རྐྱབ་པའི་སྐབས་ ཁོང་མི་༣ གྱི་ས་ཆ་ཚུ་ གཞུང་གིས་བཞེས་དགོཔ་བྱུང་མི་ལུ་བརྟེན་ སྤྲོད་དགོཔ་ཨིན་པས།
གཡུས་མི་ལ་ལུ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ བེ་ཏི་ཁའི་མི་ཚུ་ལུ་ ས་ཚབ་ ཝ་ན་ཁ་ལས་ སྤྲོད་མི་ལུ་བལྟ་བ་ཅིན་ སའི་གནས་གོང་ ག་ཏེ་མཐོ་སར་ གོ་སྐབས་འཚོལ་བའི་ བརྡ་མཚོན་ཅིག་ཨིན་པས་ཟེར་ཨིན་པས།
བེ་ཏི་ཁ་དང་ ཝ་ན་ཁ་༢ ཆ་ར་ གཞུང་ལམ་ཁར་ཨིན་པའི་ཁར་ ས་གནས་༢ ཀྱི་བར་ན་ ཀི་ལོ་མི་ཊར་༡༧ དེ་ཅིག་ཡོདཔ་ད་ ད་རེས་ རྫོང་ཁག་གིས་ བེ་ཏི་ཁའི་ ཁྱིམ་གུང་༣ བདེ་ཏོག་ཏོག་བཟོ་ནིའི་དོན་ལུ་ གཡུས་ཚན་༦ གི་ མི་སེར་༢༥༠ ལྷགཔ་ཅིག་ སེམས་མ་དགའཝ་བཟོཝ་མས་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
ཝ་ན་ཁ་ལས་ སྐྱེས་ལོ་༤༥ ལང་མི་ ཅིག་གིས་ སླབ་མིའི་ནང་ གལ་སྲིད་ གཞུང་ས་དེ་ནང་ གཡུས་ཚན་ཚུ་གི་དོན་ལུ་ གོང་འཕེལ་གྱི་ལཱ་འབད་ནི་མེན་པ་ཅིན་ ས་གནས་ནང་ མི་སེར་ལེ་ཤ་ཅིག་གི་ས་ཞིང་ཚུ་ བྱག་དང་ ཆུ་མེད་པའི་ ས་ཁོངས་ཚུ་ནང་ལས་ཕར་ཡོདཔ་ལས་ ས་གནས་དེ་ཁར་ སྤོ་བཤུད་འབད་གནང་ཟེར་ ཞུ་བ་ག་དེམ་ཅིག་འབད་རུང་ གཞུང་ས་དེ་ཁར་ གོང་འཕེལ་གྱི་འཆར་གཞིའི་ལཱ་ཚུ་ འབད་ནི་ཨིན་ཟེར་ ངོས་ལེན་འབད་མ་བཏུབ་རུང་ ད་རེས་འབདཝ་ད་ གཡུས་ཚན་གཞན་ཁའི་མི་ལུ་ སྤྲོད་ནིའི་འཆར་གཞི་ཨིན་མས་ཟེར་ཨིན་པས།
ལྟོ་ཁ་ལས་ མི་ཅིག་གིས་འབད་བ་ཅིན་ ཧེ་མ་ གཡུས་ཚན་ཚུ་ ཆུ་ཁ་རྫོང་ཁག་ནང་སྡོདཔ་ད་ དཀའ་ངལ་ག་ཅི་ཡང་མ་ཐོན་རུང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་གཞུང་བཙག་འཐུ་དང་འབྲེལ་ གཡུས་ཚན་ཚུ་ སྤ་རོ་ ན་རྒྱ་རྒེད་འོག་ནང་བཙུགས་ཡོདཔ་བཞིན་དུ་ ད་རེས་ དེ་བཟུམ་མའི་ ལཱ་བྱ་ལུ་བལྟ་བ་ཅིན་ ཁོང་ཆ་ཁྱབ་ སྤ་རོ་ ན་རྒྱ་ལུ་སྡོད་མིའི་ མི་སེར་མེནམ་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
ད་ལྟོ་གཡུས་ཁར་ བྱ་སྟབས་མ་བདེཝ་ དེ་བཟུམ་ཅིག་ཐོན་ནི་དེ་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ བཅར་བར་འོང་ཡོདཔ་ཨིན་རུང་ ད་རུང་ བར་ན་ལཱ་འབད་མི་ཚུ་གིས་ གོ་བ་བརྡ་ལོག་སྤྲོད་པའི་ དཀའ་ངལ་མི་འབྱུང་ག་མནོ་བའི་ ཚ་གྱང་ཡང་ཡོད་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ གཡུས་ཚན་དེ་ཚུ་ སྤ་རོ་རྫོང་ཁག་ནང་ ཚུད་མི་ལས་འགོ་བཙུགས་ ད་ཚུན་ལུ་ གོང་འཕེལ་གྱི་ལཱ་ ག་ཅི་ར་འབད་རུང་ རྒེད་འོག་གི་ མི་སེར་གཞན་ཚུ་དང་ འདྲ་མཉམ་སྦེ་ མི་ཐོབ་པས་ཟེར་ཨིནམ་ད་ གཡུས་མི་རྒན་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཝ་ན་ཁ་འབྲིང་རིམ་སློབ་གྲྭ་བར་མ་དང་ སྨན་སྤྲོད་ཁང་ཚུ་ ཧེ་མ་ ཆུ་ཁའི་འོག་ལུ་སྡོད་པའི་བསྒང་ལས་ར་ ཐོབ་ཡོདཔ་མ་གཏོགས་ ན་རྒྱ་རྒེད་འོག་ནང་ཚུད་ཞིནམ་ལས་ ཐོབ་ཐོབ་མེན་ཟེར་ཨིན་པས།
སྤ་རོ་རྫོང་བདག་ བཙན་སྐྱོགས་ཚེ་རིང་གིས་འབད་བ་ཅིན་ ཝ་ན་ཁའི་གཞུང་ས་དེ་ ས་ཚབ་སྤྲོད་ནིའི་དོན་ལུ་ གཞི་རྟེན་ས་འཇལ་གྱི་ལཱ་ཚུ་ འབད་ཡི་ཟེར་ཨིནམ་ད་ ས་ཚབ་དེ་ཡང་ ཨེ་ཀར་༣ ལྷག་ཙམ་ཅིག་ སྤྲོད་དགོཔ་ཡོད་རུང་ ད་རེས་ མི་སེར་ཚུ་དང་ ལོག་སྟེ་ གྲོས་བསྟུན་འབད་དགོཔ་ཡོད་ཟེར་ སླབ་ཨིན་པས།
ན་རྒྱ་རྒཔོ་ དཀར་མདོག་གིས་འབད་བ་ཅིན་ བེ་ཏི་ཁའི་ མི་ངོ་༣ གྱི་ས་ཆ་ཚུ་ སྤྱི་ལོ་༢༠༠༣ ལུ་ བེ་ཏི་ཁ་འབྲིང་རིམ་སློབ་གྲྭ་འོག་མ་ནང་ཚུད་ཡོདཔ་ད་ སྤྱི་ལོ་༢༠༠༧ ལས་ ས་ཚབ་སྤྲོད་ནིའི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ རྒེད་འོག་ནང་ གཞུང་ས་སྟོངམ་མིན་འདུག་ཟེར་སླབ་སྟེ་ སྤ་རོ་བཙན་ཏོག་དང་ ལམ་གོང་རྒེད་འོག་ནང་ལས་ ཞུ་ནིའི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཞུ་ཡིག་བཙུགས་ཡོད་རུང་ ལམ་ལུགས་དེ་ སའི་བཅའ་ཁྲིམས་དང་འཁྲིལ་ཏེ་ མེན་མི་ལུ་བརྟེན་ ལོག་རྒེད་འོག་ནང་ལས་ར་ འཚོལ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤུལ་ལས་ རྫོང་ཁག་གིས་ ས་ཚབ་ཚུ་ མི་སེར་ཁོང་ར་གིས་ རྒེད་འོག་དེ་ནང་ གཞུང་ས་སྟོངམ་ཡོད་པ་ཅིན་ ངོས་འཛིན་འབད་བཞག་དགོཔ་སྦེ་ སླབ་མི་དང་འཁྲིལ་ མི་སེར་ཚུ་གིས་ ད་རེས་ཀྱི་ས་ཁོངས་དེ་ ངོས་འཛིན་འབད་ནུག་ཟེར་ཨིན་པས།
ཨིན་རུང་ ས་ཁོངས་དེ་ ཝ་ན་ཁ་སློབ་གྲྭའི་ཉེ་འདབས་ལུ་ཡོདཔ་མ་ཚད་ ཤིང་ཚུ་ཡང་ ལེ་ཤ་སྐྱེས་ཏེ་ཡོད་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ ཐོན་ནི་ཨིན་པའི་སྐོར་ལས་ སླབ་ཅི་ཟེར་ཨིནམ་ད་ ད་རེས་ནངས་པ་ རྒེད་འོག་ཡིག་ཚང་ལས་ ས་ཐག་རིང་སར་ཡོད་པའི་ གཡུས་ཚན་ཚུ་གི་དོན་ལུ་ རྒེད་འོག་ཡན་ལག་ཡིག་ཚང་དང་ གཞན་ཡང་ གོང་འཕེལ་གྱི་ ལས་སྣ་ཚུ་གི་དོན་ལུ་ འཆར་གཞིའི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་རུང་ ས་ཁོངས་ཚུ་ ངོས་འཛིན་འབད་འབདཝ་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment