གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཚོད་བསྲེའི་གོང་ཚད་ཡར་སེང་འགྱོ་མི་དེ་ སྐྱ་ནམ་ལུ་བརྟེན་ཨིནམ།

༢༧/༠༧/༢༠༡༢། ༉ རྒྱལ་ཁབ་ནང་ སྐྱ་ནམ་གྱི་གོང་ཚད་དང་ ཁྱིམ་གྱི་ཁང་གླ་ དེ་ལས་ བཟོ་སྐྲུན་གྱི་ཅ་ཆས་ཀྱི་གོང་ཚད་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་ མི་སེར་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཤེས་རབ་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལཱ་འབད་སའི་ས་ཁོངས་དེ་ ཐིམ་ཕུ་བཟུམ་ཅིག་ནང་འབད་བའི་བསྒང་ལས་ ཟླ་རིམ་གྱི་ དངུལ་ཕོགས་ཐོབ་མི་དེ་གིས་ ཁྱིམ་ཁང་གླ་སྤྲོད་ནི་དང་ བཟའ་ནི་ དེ་ལས་ གྱོན་ནི་གསུམ་ལས་ ག་གདམ་ཁ་རྐྱབ་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་དཀའ་ངལ་ཐོན་པའི་ ཉིནམ་ལས་ཚུར་ ས་གནས་ནང་གི་ ཚོད་བསྲེ་ཡང་ གོང་ཚད་ཡར་སེང་རྒྱ་སྦོམ་སྦེ་ར་ སོང་མི་ལུ་བརྟེན་ ཉོ་སྟེ་བཟའ་མི་ཚུགས་པས་ཟེར་ཨིནམ་ད་ གཞན་མི་སྐྱ་ནམ་གྱི་ གོང་ཚད་འབད་རུང་ ཟླ་རིམ་བཞིན་དུ་ ཡར་འཛེགས་འགྱོ་དོ་བཟུམ་ མཐོངམ་མས་ཟེར་ཨིན་པས།
ཁོ་གིས་ ཟླ་རིམ་གྱི་དངུལ་ཕོགས་དངུལ་ཀྲམ་༩,༦༠༠ རེ་ ཐོབ་དོ་ཡོདཔ་བཞིན་དུ་ ཁོ་སྡོད་སའི་ཁྱིམ་ ཁང་མིག་༢ འབད་མི་དེ་ལུ་ ཁང་གླ་ དངུལ་ཀྲམ་༤,༥༠༠ རེ་སྤྲོད་དོ་ཡོདཔ་ད་ ཟླ་རིམ་ཟ་འཐུང་གི་ཟད་འགྲོ་ དངུལ་ཀྲམ་༢,༠༠༠ སྤྲོད་པའི་བསྒང་ལས་ ཁོ་ལུ་ལྷག་ལུས་ གནམ་མེད་ས་མེད་མིན་འདུག་ཟེར་ཨིན་པས།
ཁོ་དང་གཅིག་ཁར་ དཔེ་ཆ་ལྷབ་སྡོད་མི་སྲིངམོ་ཅིག་ཡོདཔ་ལས་ རེ་ཚེ་སྐབས་ ཁོ་གི་དངུལ་ཕོགས་དེ་གིས་ ལང་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡང་ ལང་དགོཔ་བྱུངམ་མས་ཟེར་ཨིན་པས།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ང་བཅས་ཀྱི་རྒྱལ་ཁབ་དེ་ སྐྱ་ནམ་གྱི་རིགས་ཚུ་ རྒྱལ་ཁབ་གཞན་ལུ་བརྟེན་དགོ་དོ་ཡོདཔ་ལས་ གོང་ཚད་ཡར་སེང་འགྱོ་མི་ལུ་ ཐབས་ལམ་ཅིག་མིན་འདུག་ཟེར་ཨིནམ་ད་ ད་རེས་ནངས་པ་ རྒྱ་གར་རྒྱལ་ཁབ་ནང་ལུ་ཡང་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་བརྟེན་ ནང་འདྲེན་འབད་མི་ ཅ་ཆས་ཚུ་གི་གོང་ཚད་ལུ་ གཏན་འཁེལ་མིན་འདུག་ཟེར་ཨིན་པས།
ས་གནས་ནང་འཁོད་ལས་ཐོན་མིའི་ ཚོད་བསྲེ་གི་ གོང་ཚད་ཡར་སེང་འགྱོ་མི་དེ་ གཙོ་བོ་ར་ སྐྱ་ནམ་དང་ ལས་བྱེདཔ་གི་ གླ་ཆ་ཚུ་ཡར་སེང་འགྱོ་བའི་བསྒང་ལས་ ཁོང་ལུ་ཡང་ གོང་ཚད་ཡར་སེང་མ་འབད་བར་ ཐབས་ར་མིན་འདུག་ཟེར་ཨིན་པས།
སྤ་རོ་ལས་ ཚོད་བསྲེ་བཙོང་མི་ ཨམ་པདྨ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གི་ ཧོན་ཚོད་ཆག་པ་རེ་ལུ་ དངུལ་ཀྲམ་༡༥ དང་༢༠ གི་བར་ན་ རྐྱབ་དོ་ཟེར་ཨིནམ་ད་ གོང་ཚད་དེ་སྦེ་མ་རྐྱབ་པ་ ད་རེས་ནངས་པའི་ གནས་སྟངས་དང་འཁྲིལ་དགོཔ་པས་ཟེར་ཨིན་པས།
ཨམ་པདྨ་ལུ་ ཨ་ལུ་༣ ཡོད་རུང་ ཨ་ལུ་ཚུ་ ག་ར་དཔེ་ཆ་ལྷབ་མི་ཨིནམ་ལས་བརྟེན་ ཁྱིམ་ནང་སྡོད་མི་ མོ་རང་རྐྱངམ་གཅིག་ཨིན་པའི་ཁར་ མོ་གིས་ ཚོད་བསྲེ་བཙོང་ཡི་ར་ མོ་རའི་ཨ་ལུ་ཚུ་གི་ ཟད་འགྲོ་བཏང་ཐོག་ལས་ འཚོ་སྐྱོང་འཐབ་དོ་ཟེར་ཨིན་པས།
མོ་གིས་ བདུན་ཕྲག་རེ་ལུ་ ཚོད་བསྲེ་བཙོང་ཐོག་ལས་ དངུལ་ཀྲམ་༢,༥༠༠ ལས་༣,༠༠༠ གི་བར་ན་ ཐོབ་པས་ཟེར་ཨིནམ་ད་ མོ་ལུ་ དངུལ་གྱི་འོང་འབབ་ཟེར་རུང་ ཚོད་བསྲེ་ལས་བརྒལ་ གཞན་ག་ཅི་ཡང་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment