དེ་ཡང་ གནས་ཡུན་ཚང་རན་མི་ སྤྱི་ཚོགས་ཀྱིས་ གནམ་དགུན་གྱི་ ཚོགས་ཐེངས་སྐབས་ འདས་པའི་ཚོགས་ཐེངས་ཚུ་ནང་ གྲོས་ཐག་བཅད་མ་ཚུགས་པར་ལུས་མི་ དཔྱད་ཡིག་ཚུ་ མཇུག་བསྡུ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཤུལ་མའི་ སྤྱི་ཚོགས་༢ པའི་ནང་ སྤྱི་ཚོགས་དང་པའི་ དཔྱད་ཡིག་ཚུ་ གསུང་གྲོས་གནང་མ་དགོཔ་ བཟོ་ནིའི་དོན་ལུ་ དཔྱད་ཡིག་གསརཔ་ཚུ་གི་སྐོར་ལས་ གསུང་གྲོས་མི་གནང་ཟེར་ཨིནམ་ད་ ཚོགས་ཐེངས་༡༠ པའི་ནང་ ཐག་བཅད་མ་ཚུགས་པའི་ དཔྱད་ཡིག་ཚུ་ རང་བཞིན་གྱིས་ ཆ་མེད་འགྱོ་འོང་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་མཇུག་བསྡུ་མི་ ཚོགས་ཐེངས་༩ པའི་ནང་ལས་ རྐྱེན་ངན་འཛིན་སྐྱོང་གི་ དཔྱད་ཡིག་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ གྲོས་བསྡུར་གནང་དགོཔ་སྦེ་ བཞག་ཡོདཔ་མ་ཚད་ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་དར་དཔྱད་ཡིག་དེ་ ཕྱིར་འབུད་གཏང་ནི་གི་ གྲོས་འདེབས་འབད་མི་དེ་ཡང་ ཚོགས་ཐེངས་༡༠ པའི་ནང་ གསུང་གྲོས་གནང་ནི་གི་ འོས་འབབ་ཡོདཔ་ཨིན་པས།
འདས་པའི་ཚོགས་ཐེངས་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་བསྡུར་འབད་དེ་ བཏང་ཡོད་མི་ འབྲུག་གི་འགན་འཛིན་དཔྱད་ཡིག་དང་ འབྲུག་གི་གདམ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢ རྒྱལ་ཡོངས་ཚོགས་འདུ་གིས་ གྲོས་བསྡུར་འབད་ནི་དང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་འདུ་ལས་བཏང་མི་ ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱག་ཡིག་དང་ ལམ་གྱི་དཔྱད་ཡིག་གུ་ གྲོས་བསྡུར་འབད་ནི་ཨིན་པས།
ཚོགས་དཔོན་གྱིས་འབད་བ་ཅིན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བཏུད་ཀྱི་དོན་ལུ་ སྤྱི་ཟླ་༣ པའི་ཚེས་༢༠ དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་སྦེ་ ཚོགས་འདུ་གིས་ གྲོས་འདེབས་ཕུལ་མི་དང་འཁྲིལ་ ཚོགས་ཐེངས་༡༠ པ་དེ་ཡང་ སང་ཕོད་སྤྱི་ཟླ་༣ པའི་ཚེས་༢༠ ལས་འགོ་བཙུག་ནི་གི་ འཆར་གཞི་ཡོདཔ་བཞིན་དུ་ ཚེས་གྲངས་དེ་ལུ་ གནས་པ་ཅིན་ སྤྱི་ཚོགས་དང་པའི་ཚོགས་རིམ་དེ་ སང་ཕོད་སྤྱི་ཟླ་༤ པའི་ཚེས་༡༡ ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
ཚོགས་དཔོན་གྱིས་ སླབ་མིའི་ནང་ ཁག་ཆེ་བའི་ གནས་སྟངས་རེ་ཐོན་ཏེ་ དམིགས་བསལ་གྱི་ སྤྱི་ཚོགས་འཚོགས་ན་མ་གཏོགས་ ལམ་ལུགས་དང་འཁྲིལཝ་ད་ སྤྱི་ཚོགས་ཀྱི་གནས་ཡུན་ལོ་༥ རེའི་ནང་ ཚོགས་ཐེངས་༡༠ མ་གཏོགས་ འཚོགས་ནི་གི་ རིམ་པ་མེད་ཟེར་ཨིན་པའི་གནས་ཚུལ།
བསམ་གཏན་ཡེ་ཤེས།
No comments:
Post a Comment