གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཞེས་སྒོའི་ཡུན་བརྟན་ཉེན་སྲུང་དང་ གནས་ཚད་ཡར་དྲག་གཏང་ནི།

༢༥/༠༧/༢༠༡༢། ༉ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ རྒྱལ་སྤྱི་སོ་ནམ་དང་བཟའ་སྤྱོད་འདུས་ཚོགས་ཀྱི་ མཉམ་འབྲེལ་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ བཞེས་སྒོའི་ཡུན་བརྟན་ཉེན་སྲུང་དང་ གནས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ལོ་༢ ལྷགཔ་ཅིག་གི་ ལས་འགུལ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཐིམ་ཕུ་འཇམ་དབྱངས་བཟའ་ཁང་ནང་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ འགོ་འདྲེན་ཐོག་ལས་ གོ་བསྡུར་ཞལ་འཛོམས་འཚོགས་པའི་ དམིགས་ཡུལ་དེ་ཡང་ རྒྱལ་སྤྱི་སོ་ནམ་དང་བཟའ་སྤྱོད་འདུས་ཚོགས་ཀྱི་ ཐབས་རིག་མཐུན་འབྲེལ་ལས་འགུལ་གྱི་ ལམ་བཏོན་དང་ ཐབས་ཤེས་གནས་སྐབས་ རིག་རྩལ་ དེ་ལས་ གཞན་དགོས་མཁོ་ཆེ་བའི་ ཉམས་མྱོང་ཚུ་ འཐོབ་ནིའི་དོན་ལུ་ཨིན་པས།
དེ་མ་ཚད་ གོ་བསྡུར་ཞལ་འཛོམས་ཀྱི་ དམིགས་དོན་ཅིག་ ཐབས་རིག་མཐུན་འབྲེལ་ལས་འགུལ་དེ་ དབང་འཛིན་གྱིས་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ ལས་རིམ་གྱི་འཆར་གཞི་བརྩམ་ནི་ དེ་ལས་ བཞེས་སྒོའི་ཡུན་བརྟན་ཉེན་སྲུང་གི་དོན་ལུ་ གཙོ་རིམ་བཟུང་སྟེ་ ལཱ་འབད་དགོཔ་ཨིན་པས།
 ལོ་༢ ལྷགཔ་ཅིག་གི་ ལས་འགུལ་དེ་ རྒྱལ་སྤྱི་སོ་ནམ་དང་བཟའ་སྤྱོད་འདུས་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ ཡིད་ཆེས་འདྲོངས་ཚུགས་པའི་ བཟའ་སྤྱོད་དམ་འཛིན་ལམ་ལུགས་ཐོག་ ཉེན་སྲུང་གི་ སྲིད་བྱུས་དང་ བཞེས་སྒོའི་གནས་ཚད་ དེ་ལས་ བཞེས་སྒོ་ཚུ་ ཉེན་ཁ་ཡོད་མེད་ བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་པས།
དེ་བཟུམ་སྦེ་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ ཁེ་གྱོང་ཡོད་མི་བཟའ་ཁང་དང་ ཉལ་ཁང་ དེ་ལས་ གཞན་སློབ་གྲྭ་ཁག་ཚུ་ལས་ཕར་ བཞེས་སྒོའི་གཙང་སྦྲ་དང་ ཉེན་སྲུང་ལྡནམ་བཟོ་ཐངས་ དེ་ལས་ བཞེས་སྒོ་ཡར་དྲག་གཏང་ཐབས་ཀྱི་ ལག་དེབ་དང་ དགོས་མཁོ་ཚུ་སྤྲོད་ཐོག་ལས་ སྦྱོང་བརྡར་བྱིན་པའི་ཁར་ བཞེས་སྒོ་ཚུ་ནང་ ནད་འབུབ་ཡོད་མེད་ཀྱི་ ཞིབ་དཔྱད་སྡེ་ཚན་གྱིས་ ཞིབ་དཔྱད་འབད་ནི་དང་ ལམ་སྟོན་ཚུ་ བྱིན་ཡོདཔ་ཨིན་པས།
ཨེ་ཤི་ཡ་ པ་སི་ཕིག་ལུང་ཕྱོགས་ལས་ བཞེས་སྒོའི་ཉེན་སྲུང་དང་ ཟད་བཅུད་འགོ་དཔོན་གོངམ་ ཌོག་ཊར་ ཤ་ཤི་ ས་རིན་གྱིས་ སླབ་མི་དང་འཁྲིལཝ་ད་ བཞེས་སྒོའི་མ་འདྲཝ་ཚུ་ ལོ་གཅིག་བ་གཅིག་ ཡར་འཕར་འགྱོ་མི་ལུ་བརྟེན་ ཉེན་སྲུང་ལྡན་པའི་ བཞེས་སྒོ་རིགས་ ལོངས་སྤྱོད་ནི་ལུ་ གཙོ་བོ་བཏོན་དགོ་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ བཞེས་སྒོ་དམ་འཛིན་དེ་ གཞུང་གིས་ ཁེ་གྱོང་ཡོད་མི་བཟའ་ཁང་དང་ ཉལ་ཁང་ ཟས་སྦྱོར་འཕྲུལ་ཁང་ སྐྱེལ་འདྲེན་པ་ ཞབས་ཏོག་སྤྲོད་མི་ དེ་ལས་ བཟའ་སྤྱོད་འབད་མི་ཚུ་ལུ་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་ནི་དང་ ཉེན་སྲུང་ལྡན་པའི་བཞེས་སྒོའི་རིགས་ཚུ་ ཚོང་བསྒྱུར་འཐབ་ནི་ལུ་ སྦྱོང་བརྡར་བྱིན་དགོཔ་ གལ་ཆེ་ཟེར་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གིས་ གསར་བཏོན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ལས་འགུལ་དེ་ལུ་བརྟེན་ ད་ལས་ཕར་ ཚོང་འབྲེལ་གྱི་དོན་ལུ་ བཞེས་སྒོ་བཟོ་མི་དང་ བཞེས་སྒོ་བྱིན་མི་ དེ་ལས་ སྤྱིར་བཏང་མི་སྡེ་ལུ་ སྦྱོང་བརྡར་དང་ ལམ་སྟོན་ཚུ་འཐོབ་ནི་ཨིནམ་ལས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་པའི་ དམིགས་གཏད་ཡོད་ཟེར་ ཨིན་པའི་གནས་ཚུལ།


བཀྲིས་ཕུན་ཚོགས།

No comments:

Post a Comment