གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ ལཱ་གཡོག་བྱིན་མི་དང་ འཚོལ་མི་༢ ཆ་ར་ལུ་ བྱ་སྟབས་བདེ་དྲགས་འབྱུང་ནི།

༢༣/༧/༢༠༡༢  ༉ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཐིམ་ཕུ་ལུ་སྦེ་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལས་བྱེདཔ་གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞི་༢༠༡༢ ཅན་མ་ གསར་བཏོན་འབད་བའི་སྐབས་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡི།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལས་བྱེདཔ་གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞི་༢༠༡༢ ཅན་མ་ གསར་བཏོན་གནང་པའི་བསྒང་།


སྒྲིག་གཞི་བཟོ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ད་ལྟོ་ཚུན་ གཞུང་དང་ སྒེར་གྱི་ལས་སྡེ་ཚུ་ནང་ ལས་བྱེདཔ་གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞི་ཚུ་ ཧིང་སངས་ས་ཅིག་ མེད་མི་ལུ་བརྟེན་ཏེ་ཨིནམ་ད་ ད་ལས་ཕར་ ལཱ་གཡོག་སྤྲོད་མི་དང་  ལཱ་གཡོག་འཚོལ་མི་༢ ཆ་ར་ལུ་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་འོང་ཟེར་ ལཱ་གཡོག་མདོ་ཆེན་ འཇམ་དབྱངས་དགེ་ལེགས་ཀྱིས་ སླབ་ཅི།
སྒྲིག་གཞི་དང་འཁྲིལཝ་ད་ ལས་བྱེདཔ་གསར་བཙུགས་ཀྱི་ གསལ་བསྒྲགས་འབད་མི་ལས་འགོ་བཙུགས་ གདམ་འཐུའི་བྱ་སྒོ་ཚུ་ དུས་ཡུན་ཉིན་གྲངས་༦༣ གྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ད་ ལས་བྱེད་གསར་བཙུགས་ཀྱི་དབང་ཚད་དེ་ཡང་ ལས་སྡེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་དང་ འཛིན་སྐྱོང་མདོ་ཆེན་ ཡོངས་ཁྱབ་འཛིན་སྐྱོང་པ་ དེ་ལས་ བཀོད་ཁྱབ་མདོ་ཆེན་ཚུ་ལུ་ རྐྱངམ་གཅིག་ཡོདཔ་སྦེ་ བཀོད་དེ་འདུག།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ ལཱ་གཡོག་ལྟ་རྟོག་སྙན་ཞུ་༢༠༡༢ དང་འཁྲིལཝ་ད་ ལཱ་གཡོག་འཚོལ་མི་༣༣༦,༣༩༡ ལས་ ད་ལྟོ་ཚུན་༣༢༩,༤༨༧ གྱིས་ ལཱ་གཡོག་ཐོབ་ཚར་ཡོདཔ་བཞིན་དུ་ ད་ལྟོ་ ལཱ་གཡོག་མ་ཐོབ་པའི་ཚད་གཞི་དེ་ བརྒྱ་ཆ་༢.༡ ཨིན་ཟེར་ཨིན་པས།
ལཱ་གཡོག་ཐོབ་མི་ཚུ་གི་གྲས་ལས་ བརྒྱ་ཆ་༡༥ ཞི་གཡོགཔ་དང་ གཞན་མི་བརྒྱ་ཆ་༧༥ སྒེར་སྡེ་དང་ ལས་འཛིན་ གཞུང་མིན་ལས་སྡེ་ དེ་ལས་ སོ་ནམ་ཞིང་ལཱ་ འབད་མི་ཚུ་ཨིན་པས།
ལས་གཡོག་བློན་པོ་གིས་ སླབ་མིའི་ནང་ ད་ལས་ཕར་ སྒྲིག་གཞི་དང་ ལཱ་གཡོག་བཅའ་ཁྲིམས་དང་འཁྲིལ་ ལས་སྡེ་ཚུ་གིས་ ལཱ་གཡོག་ཚུ་ དྭངས་གསལ་དང་ འདྲ་མཉམ་ཐོག་ལས་ སྤྲོད་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ གལ་སྲིད་ ལས་སྡེ་ཚུ་གིས་ སྒྲིག་གཞི་དང་ ལཱ་གཡོག་གི་བཅའ་ཁྲིམས་དང་ མ་འཁྲིལ་བའི་ ལཱ་འབད་མི་ཐོན་པ་ཅིན་ ཁྲིམས་དང་ཉེས་བྱ་ཚུ་ བཀལ་ནི་ཨིན་ཟེར་ ཨིན་པས།
ལོ་ལྔའི་འཆར་གཞི་༡༠ པའི་ གཞུང་གི་དམིགས་གཏད་དེ་ ལཱ་གཡོག་མ་ཐོབ་མིའི་ཚད་གཞི་ བརྒྱ་ཆ་༢.༥ ལུ་ མར་ཕབ་འབད་ནི་ཨིན་རུང་ དུས་ཅི་ར་ བརྒྱ་ཆ་༢.༡ ལུ་ མར་ཕབ་འབད་ཚུགས་མི་དེ་ གྲུབ་འབྲས་ལེགས་ཤོམ་ཅིག་ཨིན་མས་ཟེར་ ལས་གཡོག་བློན་པོ་གིས་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་བས།

ཨིན་རུང་ ད་ལས་ཕར་ ལཱ་གཡོག་འཚོལ་མིའི་གྱངས་ཁ་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་ཨིནམ་ལས་ གཞུང་ལུ་ འགན་ཁུར་སྦོམ་སྦེ་ར་ ཕོག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།

No comments:

Post a Comment