གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆར་གཞི་༡༠ པའི་ནང་ ཁང་ཚན་༨༠༠ བཟོ་སྐྲུན་འབད་ཚར་དགོཔ།

༢༡/༧/༢༠༡༢   ༉ འབྲུག་རྒྱལ་ཁབ་ནང་ གཞུང་གཡོག་པའི་གྱངས་ཁ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་མི་དང་བསྟུན་ རྫོང་ཁག་ཚུ་ནང་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ད་ ལོ་༥ འི་ འཆར་གཞི་༡༠ པའི་ནང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ཁང་ཚན་༨༠༠ དེ་ཅིག་ བཟོ་སྐྲུན་འབད་ཚར་དགོཔ་ཨིན་རུང་ ད་ལྟོ་ ཁང་ཚན་༤༨ དེ་ཅིག་ལས་ བཟོ་སྐྲུན་འབད་མ་ཚརཝ་ཨིན་པས།


རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ སྙན་ཞུ་དང་འཁྲིལཝ་ད་ གཞུང་གིས་ ཁང་ཚན་བཟོ་སྐྲུན་འབད་ནི་ལུ་ མ་དངུལ་ལངམ་སྦེ་མེདཔ་ལས་ སྒྲིང་ཁྱིམ་རྐྱབ་ནིའི་ལཱ་ཚུ་ འགོ་བཙུགས་མ་ཚུགས་པར་ ཡོད་ཟེར་ཨིན་པས།
འཆར་གཞི་༡༠ པའི་ནང་ གཞུང་གིས་ སྒྲིང་ཁྱིམ་རྐྱབ་ནིའི་དོན་ལུ་ མ་དངུལ་ས་ཡ་༢༥༠ ཆ་འཇོག་གནང་ཡོདཔ་ད་ ད་ལྟོ་ སྒྲིང་ཁྱིམ་༣ འབད་མི་ ཁང་ཚན་༢༤ ཡོདཔ་ད་ དེ་ཡང་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ བཟོ་སྐྲུན་གྱི་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
ཐིམ་ཕུ་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ཐིམ་ཁྲོམ་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་གནས་ སྒང་ཆེ་ལུ་སྦེ་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་ཨེ་ཀར་༣༠ ཐོབ་ཡོདཔ་ལས་ ད་ལྟོ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ ས་གནས་དེ་ཁར་ སའི་ཆགས་ཚུལ་དང་ ཡུན་བརྟན་གནས་ཚུགས་མ་ཚུགས་ བརྟག་ཞིབ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་ཚེ་དབང་གིས་ སྡོད་ཁྱིམ་ཚུ་ གཙོ་རིམ་དང་འཁྲིལ་ཏེ་ མགར་ས་དང་ ལྷུན་རྩེ་རྫོང་ཁག་ དེ་ལས་ རྫོང་ཁག་གཞན་མི་ཚུ་ནང་ཡང་ ཁང་ཁྱིམ་ཚུ་ ཅོག་འཐདཔ་སྦེ་ བཟོ་སྐྲུན་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
སྒྲིང་ཁྱིམ་བཟོ་སྐྲུན་འབད་ནི་ཨིན་མི་ཚུ་ཡང་ ནང་འཁོད་ལས་ཐོན་མི་ ཤིང་ཆས་དང་ ཅ་ཆས་ཚུ་གིས་ བཟོ་སྐྲུན་འབད་ནི་ཨིནམ་ད་ སྡོད་ཁྱིམ་ཚུ་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལུ་ གོ་གནས་སྦོམ་ཆུང་གི་ དབྱེ་བ་མེད་པར་ གཅིག་ཁར་ སྡོད་ཚུགསཔ་བཟོ་ཐོག་ལས་ མི་ཆེ་འབྲིང་ཆུང་༣ ག་ར་ ཕན་ཚུན་གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་ཚུགསཔ་བཟོ་ནིའི་ དམིགས་ཡུལ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྒྲིང་ཁྱིམ་གསར་པའི་ ས་ཁོངས་ཚུ་ནང་ ན་གཞོན་བུཚ་དང་ བུམོ་ཚུ་ རྩེདམོ་རྩེ་ནི་དང་ སྤྲོ་སྟོན་གྱི་ ལས་རིམ་དོན་ལུ་ ས་གོ་སོ་སོ་ དེ་ལས་ རྒན་རྒས་ཚུ་ མ་ཎེ་དང་ བཛྲ་གུ་རུ་བགྱང་ནིའི་དོན་ལུ་ མ་ཎེ་དུང་འཁོར་ཚུ་ཡང་ ས་ཁོངས་ནང་བཙུགས་ཏེ་ བདེ་ཏོག་ཏོ་བཟོ་ནིའི་ འཆར་གཞི་དང་ ལས་རིམ་ཚུ་ཡོད་ཟེར་ འཛིན་སྐྱོང་མདོ་ཆེན་ ཨོ་རྒྱན་ཚེ་དབང་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ ལས་འཛིན་གྱི་ དམིགས་ཡུལ་གཅིགཔོ་དེ་ བཟོ་སྐྲུན་འབད་ཡོད་པའི་ སྡོད་ཁྱིམ་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་བྱིན་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment