དམ་ཅན་སྡེ་ཚན་གྱིས་ ཨང་དང་པའི་ རྒྱལ་རྟགས་ལེན་པའི་བསྒང་། |
དེ་ཡང་ ཁྲི་མངའ་གསོལ་གྱི་ མདའ་རྩེད་ཀྱི་མཐའ་བཅད་འགྲན་བསྡུར་ནང་ ལྕོགས་གྲུབ་ཅན་གྱི་སྡེ་ཚན་ཚུ་དང་གཅིག་ཁར་ དོ་འགྲན་སྦོམ་འབད་ཐོག་ལས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་མི་ དམ་ཅན་སྡེ་ཚན་དང་ སྔོ་ལྗང་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ དམ་ཅན་སྡེ་ཚན་གྱིས་ སྐུགས་༢ འབྱེལཝ་བྱེལ་ས་ཆོད་བཏངམ་ལས་ དུས་ཅི་ སྤྱི་ལོ་༢༠༡༢ ཀྱི་ ཨང་དང་པའི་ མིང་གཏམ་ཐོབ་ཅི།
ཕྱི་རྒྱལ་གྱི་མདའ་གཞུ་ཐོག་ལས་ སྡེ་ཚན་གཉིས་ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་འགོ་བཙུགས་ཏེ་ སྐོར་ཐེངས་དང་པའི་ནང་ དམ་ཅན་སྡེ་ཚན་གྱིས་ བཀག་རེག་༣ ཐེབས་ཕོག་སྟེ་ སྐུགས་༦ ཐོབ་ཡོདཔ་བཞིན་དུ་ སྡེ་ཚན་དེ་གིས་ སྐོར་ཐེངས་གསུམ་གྱི་ནང་འཁོད་ལུ་ སྐུགས་༢༤ ཐོབ་པའི་སྐབས་སུ་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ཐོབ་མ་ཚུགསཔ་ལས་ རྩེད་འགྲན་འབད་མིའི་མདའ་རྩེདཔ་ཚུ་ ལྟདམོ་བལྟ་མི་མང་རབས་ཅིག་སྤུངས་ཡོད་པའི་སྦུག་ལུ་ ངོ་ཚ་སུ་སོང་བའི་མཐའ་མར་ སྐོར་ཐེངས་བཞི་པའི་ནང་ བཀག་རེག་ཅིག་ཐེབས་ཕོག་སྟེ་ སྐུགས་༢ ཐོབ་ཚུགས་ནི་ལཱ་ཁག་ར་ རྐྱབ་ཅི།
སྤྲོ་བ་དང་དང་འདོད་ཡོད་མི་ མི་སེར་བརྒྱ་ལས་བཅད་འཛོམས་མི་ཚུ་གི་གྲས་ལས་ ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་ཀྱི་མདའ་རྩེད་འབའ་སྐྱོར་ནང་ རང་གིས་ རྩེད་འགྲན་འབད་ནིའི་གོ་སྐབས་ ཐོབ་མ་ཚུགས་རུང་ ད་རེས་ཀྱི་ མཐའ་བཅད་ནང་ལྷོད་མི་ སྡེ་ཚན་གཉིས་ཀྱིས་ ག་དེ་སྦེ་སྤྲོ་བ་དང་བཅསཔ་སྦེ་ རྩེད་འགྲན་འབད་ཚུགས་ག་མནོ་སྟེ་ ལྟདམོ་བལྟ་བ་འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐིམ་ཕུ་ ན་རོ་རྒེད་འོག་ལས་ སྐྱེས་ལོ་༣༢ ལང་མི་ རྡོ་རྗེ་ཕུརཔ་གིས་ ཁྲི་མངའ་གསོལ་མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་ རྩེད་འགྲན་དེ་བལྟ་ནིའི་དོན་ལུ་ བདུན་ཕྲག་གཅིག་གི་ཧེ་མ་ལས་ བསྒུགས་སྡོད་ཅི་ཟེར་ཨིནམ་ད་ སྡེ་ཚན་གཉིས་ཀྱིས་ རྩེད་འགྲན་འབད་མི་ལུ་བལྟ་སྟེ་ ངལ་རངས་དང་ ཡིད་ཆས་སྦོམ་བྱུང་ཡི་ཟེར་ སླབ་ཨིན་པས།
སྡེ་ཚན་གཉིས་ཀྱིས་ རྩེད་འགྲན་འབད་དེ་ ཉིན་མའི་ལྟོ་རན་པའི་སྐབས་ལུ་ དམ་ཅན་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ཆོདཔ་ད་ སྔོ་ལྗང་སྡེ་ཚན་གྱིས་ སྐུགས་༢ ལས་ཐོབ་མ་ཚུགས།
ཉིན་མའི་ལྟོ་བཟའ་ཞིནམ་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགསཔ་ད་ སྐོར་ཐེངས་དང་པའི་ནང་ དམ་ཅན་སྡེ་ཚན་གྱིས་ བཀག་རེག་༩ དང་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་༤ ལས་བརྒལ་ཕོག་མ་ཚུགསཔ་ལས་ སྐུགསས་༡༠ ཐོབ་ཡོདཔ་ད་ ངལ་མཚམས་སྐོར་ཐེངས་༢ པའི་ནང་ དམ་ཅན་སྡེ་ཚན་གིས་ བཀག་རེག་༥ དང་ མདའ་ཡ་གཅིག་བཙུགས་ཡོད་རུང་ བྱང་ཕྱད་སྡེ་ཚན་གྱིས་ བཀག་རེག་གཅིག་ཡང་བཏོག་མ་ཚུགསཔ་ལས་ སྐུགས་༢༡ ལུ་ལྷོད་ཅི།
མཐའ་མཇུག་ལུ་ དམ་ཅན་སྡེ་ཚན་གྱིས་ སྐུགས་ཆོད་པའི་སྐབས་ལུ་ སྔོ་ལྗང་སྡེ་ཚན་གྱིས་ སྐུགས་༨ ལས་ཐོབ་མ་ཚུགསཔ་ལས་ ཕྱི་རུའི་ཆུ་ཚོད་ ༤ དེ་ཅིག་ཁར་ རྩེད་འགྲན་དེ་ མཇུག་བསྡུ་ཡི།
འབྲུག་མདའ་རྩེད་ཚོགས་པའི་ཁྲི་འཛིན་ བློན་པོ་བགྲེསཔ་ཀུན་བཟང་རྡོ་རྗེ་གིས་ ཁྲི་མངའ་གསོལ་གྱི་ མདའ་རྩེད་ ཨང་དང་པ་ཐོན་མི་ དམ་ཅན་སྡེ་ཚན་ལུ་ གསོལ་རས་གོ་ལ་འཁྱུ་ནིའི་འཕྲུལ་ཆས་རེ་རེ་དང་ རྒྱལ་རྟགས་ཀྱི་རྟགས་མ་ཚུ་གནང་བའི་ཁར་ ཨང་༢ པ་ཐོན་མི་ སྔོ་ལྗང་སྡེ་ཚན་ལུ་ ཊི་བི་ཨིན་ཅི་༢༡ འབད་མི་རེ་རེ་དང་ རྟགས་མ་ཚུ་གནང་ཡི།
ཉིནམ་དེ་ཁར་ མདའ་རྩེདཔ་དྲག་ཤོས་ཀྱི་གསོལ་རས་དེ་ ཚུལ་ཁྲིམས་ཕུན་ཚོགས་ཀྱིས་ མཐའ་བཅད་འོག་མ་ཚུན་ལུ་ བཀག་རེག་ཡོངས་བསྡོམས་༦༥ ཕོག་ཡོདཔ་ལས་ ཊི་བི་ཨིན་ཅི་༣༡ འབད་མི་དང་ རྟ་ལོག་རྣམ་རྒྱལ་དབང་ཕྱུག་གིས་ དོབ་སྦྱེལ་ཐོག་ཤོས་དང་ ཀརྨ་བཀྲིས་ཀྱི་ ཉིནམ་གཅིག་གི་ བཀག་རེས་མཐོ་ཤོས་ དེ་ལས་ མཐའ་བཅད་འགྲན་བསྡུར་ནང་ རྩེད་འགྲན་དྲག་ཤོས་དེ་ མགོནམོ་ཚེ་རིང་གིས་ཐོན་ཡོད་མི་ཚུ་ལུ་ གསོལ་རས་ཚུ་ གནང་ཡོདཔ་ཨིན་པའི་གནས་ཚུལ།
No comments:
Post a Comment