གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟའ་ཚང་རྩུབ་སྤྱོད་ཀྱི་གནད་དོན་ ཡར་སེང་འགྱོ་དོ་ཡོདཔ།

བཟའ་ཚང་རྩུབ་སྤྱོད་ནང་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ གནས་ཚང་བརྡུང་རྫོབ་དང་ ཨམ་ཅུངམ་འཚོལ་ནི་ དེ་ལས་ གནས་ཚང་དང་ཨ་ལུ་ཚུ་ བཀོག་བཞག་སྟེ་ བྱོག་འགྱོ་བའི་གནད་དོན་ཚུ་ ཐོན་དོ་ཡོདཔ་ཨིན་པས། 
 
༣༠/༠༧/༢༠༡༢། ༉ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ནང་ ད་རེས་ནངས་པ་ བཟའ་ཚང་རྩུབ་སྤྱོད་འབད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་གནད་དོན་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ བཟའ་ཚང་རྩུབ་སྤྱོད་ཀྱི་ གནད་དོན་ཚུ་ ངེས་ཏིག་ཡར་སེང་འགྱོཝ་ཨིནམ་ སླབ་མ་ཤེས་རུང་ ད་རེས་ཀྱི་གནས་སྟངས་ནང་ བརྡ་བརྒྱུད་ཚུ་གིས་ ལས་སྡེའི་སྐོར་ལས་ གོ་བརྡ་ཁྱབ་སྤེལ་འབད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།

ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ འཆི་མེད་དབང་མོ་གིས་འབད་བ་ཅིན་ དེ་དང་གཅིག་ཁར་ ད་རེས་ རྫོང་ཁག་༢༠ ག་རའི་ནང་ ཁས་བླངས་ཐོག་ལས་ ལཱ་འབད་མི་ཚུ་ གཞི་བཙུགས་འབད་དེ་ ཡོད་ནི་དེ་གིས་ཡང་ ཨིན་མས་ཟེར་ སླབ་ཨིན་པས།
མོ་གིས་སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ བཟའ་ཚང་རྩུབ་སྤྱོད་འབད་མི་ ཉམས་རྒུདཔ་ཚུ་གིས་ གནད་དོན་དེ་ ག་ཏེ་ལུ་ སྙན་ཞུ་འབད་དགོཔ་ཨིན་ན་ མ་ཤེས་པར་ མགུ་འཐོམ་བྱུང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དཀའ་ངལ་ཚུ་བྱུངམ་ད་ ག་ཏེ་འགྱོ་དགོཔ་ཨིན་ན་ ཧ་གོ་ནུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཉམས་རྒུདཔ་ཚུ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་སྐབས་ ལཱ་འཛོལ་བ་འབད་མི་ཚུ་ ཚར་ཅིག་ དོ་དམ་འོག་ལུ་བཙུགས་རུང་ བཏང་བའི་བསྒང་ལས་ ལོག་སྟེ་ར་ གཅིག་ཁར་སྡོད་དགོཔ་ད་ ལས་སྡེ་གིས་ ཉམས་རྒུདཔ་ཚུ་ ཉེན་སྲུང་ཅན་གྱི་ སྡོད་ཁྱིམ་ཚུ་ནང་བཞག་སྟེ་ བདག་འཛིན་འཐབ་དོ་ཡོདཔ་ལས་ རྒྱབ་སྐྱོར་འཚོལ་བར་འོངམ་མས་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འཆི་མེད་དབང་མོ་གིས་འབད་བ་ཅིན་ བཟའ་ཚང་རྩུབ་སྤྱོད་དང་འབྲེལ་བའི་ གནད་དོན་ཚུ་གི་གྲས་ལས་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ རང་སོའི་གནས་ཚང་ལུ་ རྩུབ་སྤྱོད་འབད་མི་དང་ རེ་ཚེ་སྐབས་ ཕོ་སྐྱེས་ཚུ་གིས་ ཨམ་ཅུངམ་འཚོལ་བའི་ཤུལ་ལུ་ རང་གི་གནས་ཚང་དང་ ཨ་ལུ་ཚུ་ སྣང་མེད་སྐྱུར་བཞག་སྟེ་ བྱོག་འགྱོ་བའི་ གནད་དོན་ཚུ་ ཐོནམ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལ་ལུ་ཅིག་གིས་ ཁྲིམས་ལུགས་དང་འབྲེལ་བའི་ རྒྱབ་སྐྱོར་ཚུ་ འཚོལ་བར་འོང་དོ་ཡོདཔ་ལས་ དེ་ཚུ་ལུ་ ལས་སྡེ་གིས་ རྒྱབ་མིའི་ཞབས་ཏོག་ཚུ་ བྱིན་དོ་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ཁམས་ཅིག་ཁར་ ཨ་ལུའི་ཨ་པ་ཚུ་གིས་ བྲོས་ཟུར་འབད་དེ་ སྡོད་གནས་ཀྱི་ ཁ་གྱང་ཚུ་ཡང་ སོར་མི་ལུ་བརྟེན་ ཨ་ལུ་མཐོ་ཤོས་༣ ཡོད་མི་ ཨའི་ཚུ་གིས་ ཨ་ལུ་ཚུ་ མི་རྩིས་ནང་ བཙུགས་མ་ཚུགས་པར་ ལས་སྡེ་ནང་ རྒྱབ་སྐྱོར་འཚོལ་བར་འོང་མི་དང་འཁྲིལ་ ཁྲིམས་སྲུང་འགག་པའི་ རྒྱབ་སྐྱོར་ཐོག་ལས་ ཕོ་སྐྱེས་དག་པ་ཅིག་ འཚོལ་ཐོབ་ཅི་ཟེར་ཨིན་པས།
བརྡུང་རྫོབ་དང་ ལོག་སྤྱོད་འབད་བའི་ གནད་དོན་ཚུ་གི་སྐོར་ལས་ རྒྱབ་སྐྱོར་འབད་ནི་དེ་ འཇམ་དོ་ཡོདཔ་ཨིན་རུང་ བྱོག་སོང་མི་ཚུ་ འཚོལ་ནི་དེ་ ལཱ་ཁག་འདུག་ཟེར་ཨིནམ་ད་ གལ་སྲིད་ གནད་དོན་ཚུ་ ཁྲིམས་འདུན་ཚུ་ནང་བཙུགས་རུང་ རྨགཔ་ཚུ་གི་ ཁ་བྱང་ཚུ་ གསལ་ཏོག་ཏོ་སྦེ་ མ་ཤེས་པ་ཅིན་ ཁུངས་མིན་འདུག་ཟེར་ཨིན་པས།
འཚོལ་ཞིབ་ཀྱི་ལཱ་ཚུ་ཡང་ བྱོག་སོང་མི་ཚུ་གི་ ནང་མི་ཉེ་ཚན་དང་ ཆ་རོགས་ཚུ་བརྒྱུད་དེ་ འཚོལ་དོ་ཡོདཔ་ད་ བདའ་ཟུན་པའི་ཤུལ་ལུ་ ཨ་ལུའི་ཨ་པ་དེ་ ངོས་འཛིན་བྱུང་པ་ཅིན་ ཨ་ལུའི་ གསོ་འཐུས་ཚུ་ཡང་ སྤྲོད་བཅུག་དོ་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འཆི་མེད་དབང་མོ་གིས་འབད་བ་ཅིན་ ལས་སྡེའི་དམིགས་གཏད་གཙོ་བོ་ར་ ཨམ་སྲུ་དང་ ཨ་ལུ་ཚུ་ ཤེས་ཡོན་དང་ལྡནམ་བཟོ་ནི་དང་འཁྲིལ་ ཉམས་རྒུདཔ་ཚུ་ལུ་ ལག་ཤེས་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་དོ་ཟེར་ཨིནམ་ད་ སྦྱོང་བརྡར་ཚུ་ མཇུག་བསྡུ་བའི་བསྒང་ལས་ ཚོང་ལས་ཆུང་ཀུ་རེ་ འགོ་བཙུགས་ནིའི་དོན་ལུ་ སྐྱིན་འགྲུལ་དུམ་གྲ་རེ་ཡང་ བྱིན་ནིའི་ལམ་ལུགས་བཟོ་སྟེ་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment