གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ཤར་པའི་ མི་སེར་ཚུ་ ས་ཚབ་མ་ཐོབ་པར་ དབུགས་འགམ་ཡོདཔ།

སྒེར་དབང་ས་ཆ་ གཞུང་ལམ་རྒྱ་བསྐྱེད་ནང་ ཚུད་མི་ཚུ་གི་དོན་ལས་ ས་ཚབ་ངོས་འཛིན་འབད་ཡོད་རུང་ ས་ཆ་ལྷན་ཚོགས་ལས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
 
༢༥/༠༧/༢༠༡༢། ༉ སྤྱི་ལོ་༢༠༠༦ ལས་ ཆུ་འཛོམས་དང་ སྤ་རོ་བོང་སྡེའི་བར་ན་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ འཁོར་ལམ་གྱི་ གཡས་གཡོན་ལས་ སྒེར་དབང་ས་ཆ་ལེ་ཤ་ཅིག་ གཞུང་བཞེས་འབད་དེ་ ཧ་ལམ་ལོ་ངོ་༦ ལང་ཡོད་རུང་ མི་སེར་ཚུ་གིས་ ག་ལྟོའི་བར་ན་ཡང་ ས་ཚབ་མ་ཐོབ་པར་ཡོདཔ་ཨིན་པས།
སྒེར་ས་གཞུང་བཞེས་འབད་བའི་སྐབས་ སྒེར་ས་སྟོངམ་དང་ བཟའ་སྤྱོད་འབད་བའི་ས་ཆ་ ལེ་ཤ་ཅིག་ར་ མེདཔ་བཏང་དགོཔ་ཐོན་ཡོད་མི་དང་འཁྲིལ་ མི་སེར་ཚུ་ལུ་ ཤིང་ཐོག་གི་ རྒུད་འཐུས་ཚུ་མ་གཏོགས་ ས་ཚབ་མ་ཐོབ་ཟེར་ ཉམས་རྒུད་པ་ཚུ་གིས་ སླབ་ཨིན་པས།

གཡུས་མི་ཚུ་གིས་ སླབ་མིའི་ནང་ ལོ་ངོ་༦ དེ་ཅིག་གི་ཧེ་མར་ ཁོང་གི་ས་ཚུ་ གཞུང་གིས་ མཁོ་སྒྲུབ་འབད་བའི་སྐབས་ ས་ཆའི་ཚད་གཞི་དང་འཁྲིལ་ ས་ཚབ་ཚུ་ ག་ཏེ་ལས་འབད་རུང་ བྱིན་འོང་ཟེར་ སླབ་ཡོད་རུང་ ད་ལྟོ་ཡང་ གནང་ནི་མིན་འདུག་ཟེར་ཨིན་པས།
ཁོང་གི་ ས་ཆ་ཚུ་ གཞུང་གིས་བཞེས་པའི་སྐབས་ ཌིསི་མཱལ་༩ ཡར་བཅད་འབད་མི་ཚུ་ལུ་ ས་ཚབ་སྤྲོད་ནི་དང་ དེ་ལས་ ཉུང་མི་ཚུ་ལུ་ ས་རིན་སྤྲོད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་རུང་ ཤུལ་ལས་འབད་བའི་བསྒང་ལས་ ས་ཆ་ཌི་སི་མཱལ་༡༠ མེད་པ་ཅིན་ ས་རིན་ལེན་དགོཔ་སྦེ་ བསྒྱུར་བཅོས་འབད་མི་ལུ་ཡང་ ངོས་ལེན་འབད་ཡི་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ ས་ཚབ་དང་ ཡང་ཅིན་ ས་རིན་ཚུ་ གནང་ནི་མེདཔ་ལས་ མི་སེར་ཚུ་ལུ་ སོ་ནམ་ཐོན་སྐྱེད་དང་འབྲེལ་བའི་ འོང་འབབ་ལུ་ ཐོ་སྦོམ་སྦེ་ར་ ཕོགས་ཏེ་ཡོད་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
ཤར་པའི་རྒཔོ་བགྲེསཔ་ རིན་ཆེན་གྱི་ ས་ཆ་ཌིསི་༤༧ གཞུང་ལམ་རྒྱ་བསྐྱེད་ནང་ཚུད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ས་ཚབ་ཚུ་ བཙན་ཏོག་དང་ ལམ་གོང་ དོབ་ཤར་རི་རྒེད་འོག་ཚུ་ནང་ལས་ ངོས་འཛིན་འབད་མི་དང་འཁྲིལ་ རྫོང་ཁག་བདག་སྐྱོང་གིས་ ཞིབ་དཔྱད་འབད་དེ་ འབྲེལ་ཡོད་ལས་སྡེ་དང་ ཉེ་འདབས་ཀྱི་ མི་སེར་ཚུ་ལས་ ཉོགས་བཤད་མེད་པའི་ ཡིག་ཆ་ཚུ་ ལེན་ཞིནམ་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ཕུལ་ཡི་ཟེར་ཨིན་པས།
རྒཔོ་བགྲེསཔ་གིས་འབད་བ་ཅིན་ ས་ཆ་ཌིསི་༢༥ ཁོ་རའི་གཡུས་ཁ་ལས་ར་ ས་ཚབ་ཐོབ་ཡོདཔ་ཨིན་རུང་ ལྷག་ལུས་ཌིསི་༢༥ གི་དོན་ལུ་ ས་ཚབ་སྦེ་ ངོས་འཛིན་འབད་ཡོད་མི་ ས་ཆའི་གོང་ཚད་དང་ གཞུང་བཞེས་བཏང་མི་ ས་ཆའི་གོང་ཚད་ཚུ་ འདྲ་མཉམ་མིན་འདུག་ཟེར་ སླབ་པའི་ཁར་ ས་ཚབ་ཚུ་ རྒེད་འོག་གཞན་ཁ་ལས་ཨིན་པས་ཟེར་སླབ་སྟེ་ གནང་བ་གནང་མ་བཏུབ་ཟེར་ཨིན་པས།
གཡུས་མི་ཅིག་གིས་ སླབ་མིའི་ནང་ གཞུང་ལམ་རྒྱ་བསྐྱེད་འབདཝ་ད་ ཁོ་བཟུམ་མའི་ སྒེར་ས་གཞུང་བཞེས་འབད་མི་ མི་གྲངས་༡༣ དེ་ཅིག་གི་ཡོད་མིའི་གྲས་ལས་༡ གིས་ བཙན་ཏོག་རྒེད་འོག་ནང་ལས་ ས་ཚབ་ངོས་འཛིན་འབད་མི་དེ་ ཐོབ་ཡོད་རུང་ གཞན་ཚུ་ལུ་ གནང་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཚབ་ཐོབ་མི་ ཨམ་སྲུ་དེ་ སྤ་རོ་ལས་མེན་རུང་ ས་ཚབ་དེ་ རྒེད་འོག་གཞན་ཁ་ལས་ ཐོབ་ཡོདཔ་ད་ ས་ཚབ་ཀྱི་ ཁྲམ་དེ་ཡང་ ཨམ་སྲུ་དེ་ལས་ ས་ཉོ་མི་ཅིག་གི་ མིང་ཐོ་ཁར་ ཐོབ་མི་ལུ་ བལྟ་བ་ཅིན་ ཁྲིམས་ལུགས་དེ་ འདྲ་མཉམ་དང་ དྲང་བདེན་མིན་འདུག་ཟེར་ཨིན་པས།
གལ་སྲིད་ ཤར་པ་རྒེད་འོག་གི་ སྒེར་དབང་ས་ཆ་ གཞུང་བཞེས་འབད་མི་ཚུ་ལུ་ ས་ཚབ་ཚུ་ རྒེད་འོག་གཞན་ཁ་ལས་ སྤྲོད་ནི་ཨིན་པ་ཅིན་ ག་ར་གིས་ ཐོབ་དགོཔ་ད་ ད་རེས་ཀྱི་ གནས་སྟངས་ནང་ ཨམ་སྲུ་ཕུད་རྡོག་གཅིག་གིས་མ་གཏོགས་ ཐོབ་མ་ཚུགས་ཟེར་ རྒཔོ་བགྲེསཔ་རིན་ཆེན་གྱིས་ སླབ་ཨིན་པས།
ཉམས་རྒུད་པ་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ གཞུང་བཞེས་འབད་མི་ ས་ཆ་ཚུ་ གཞུང་ལམ་གྱི་ གཡས་གཡོན་ལུ་ ལོ་ཐོག་ག་ཅི་ར་བཏབ་རུང་ ཐོན་སྐྱེད་ལེགས་ཤོམ་བྱུང་སའི་ ས་ཁོངས་ཨིནམ་ལས་ ད་རེས་ ས་ཚབ་ཚུ་ རྒེད་འོག་གཞན་ཁ་ལས་ འཚོལ་མི་ཆོག་ཟེར་སླབ་སྟེ་ སྒང་ཏོག་དང་ སྤོ་ཏོག་ ཆུ་མེད་སའི་ས་ཁོངས་ དེ་ལས་ ནགས་ཚལ་ནང་ལས་ཕར་ གནང་པ་ཅིན་ དེ་ལུ་ ངོས་ལེན་འབད་མི་ཚུགསཔ་འོང་ཟེར་ཨིན་པས།
ཉམས་རྒུད་པ་ཚུ་གིས་འབད་བ་ཅིན་ གཞུང་གིས་ དགོ་མཁོ་དང་ཁྲིལ་ མི་སེར་གྱི་ ས་ཆ་ཚུ་ བཞེས་པའི་ཤུལ་ལུ་ ས་ཚབ་ཚུ་ཡང་ སའི་བཅའ་ཁྲིམས་དང་འཁྲིལ་ཏེ་ར་ གནང་དགོཔ་འདུག་ཟེར་ཨིནམ་ད་ ཁོང་མང་ཤོས་ཅིག་གིས་ སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༡༥༥ དང་༡༥༦ ལུ་ གཞི་བཞག་དོ་ཡོདཔ་ཨིན་པས།
དེ་ཡང་ དོན་ཚན་༡༥༥ པའི་ དགོངས་དོན་དང་ འཁྲིལ་བ་ཅིན་ གྲོང་གསེབ་ནང་ སྤྲོད་ནི་ཨིན་པའི་ ས་ཚབ་དེ་ གཡུས་ཚན་དང་ རྒེད་འོག་ རྫོང་ཁག་གི་ གོ་རིམ་དང་འཁྲིལ་ སྔོན་ཐོབ་བརྩི་འཇོག་ཐོག་ལས་ སྤྲོད་དགོཔ་བཞིན་དུ་ དོན་ཚན་༡༥༦ པའི་ནང་ སའི་ཇོ་བདག་ལུ་ གཞུང་གིས་བཞེས་པའི་ ས་དང་མཉམ་པའི་ འོས་ལྡན་གྱི་ ས་ཚབ་གནང་དགོ་ཟེར་ བཀོད་དེ་འདུག།
མིང་གསང་བཞག་མི་ཅིག་གིས་འབད་བ་ཅིན་ ཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་ནང་ ཁོ་རའི་ ཨ་ཞང་གི་ས་ཆ་ ཌིསི་མཱལ་༢༣ དང་༡༥ རེ་འབད་མི་ ས་ཚན་༢ ཚུད་དེ་ཡོདཔ་ལས་ ས་ཚབ་དེ་ ལམ་གོང་རྒེད་འོག་ལས་ འཚོལ་ཡོད་རུང་ དེ་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སའི་བཅའ་ཁྲིམས་༡༩༧༩ དང་འཁྲིལཝ་ད་ གཞུང་གིས་ ས་ཆ་ཚུ་ གཞུང་བཞེས་མ་འབད་བའི་ ཧེ་མ་ལས་ ས་ཚབ་དང་ རྒུད་འཐུས་ག་ཅི་ར་ཨིན་རུང་ མི་སེར་ལུ་ སྤྲོད་དགོཔ་སྦེ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྡོ་སྒར་རྒེད་འོག་ལས་ རྡོ་རྗེ་གི་ ས་ཆ་ཡང་ གཞུང་ལམ་རྒྱ་བསྐྱེད་ཀྱི་ ལཱ་ནང་ཚུད་ཡོད་མི་ལུ་བརྟེན་ ཤར་པ་རྒེད་འོག་ལས་ ས་ཚབ་འཚོལ་ཡོད་རུང་ གཞུང་ལམ་རྒྱ་བསྐྱེད་ཀྱི་སྐབས་ ཁོང་གིས་ ལམ་གྱི་ལྟག་ལས་རྐོ་མི་ ས་ཆ་ཚུ་ལུ་མ་གཏོགས་ ལམ་གྱི་འོག་ལས་མར་ ཚུད་མི་ཚུ་ལུ་ ས་ཚབ་མི་ཐོབ་ཟེར་སླབ་སྟེ་ མ་ཐོབ་མིའི་གྲས་ཁར་ བཏོན་བཞག་ཅི་ཟེར་ཨིན་པས།
ཨིན་རུང་ གཞུང་དེ་ དབང་ཚད་ཅན་འབད་ནི་དེ་གིས་ ག་ཅི་ཡང་ ཞུ་ཐབས་མེདཔ་ལས་ ས་དེ་ ཁོ་རའི་ཁྲམ་ནང་ར་ བཞག་པ་ཅིན་བཏུབ་སྦེ་ ཞུ་སྟེ་ཡོད་ཟེར་ཨིན་པས།
ཤར་པ་ལས་ སྐྱེས་ལོ་༧༤ ལང་མི་ ཀུན་ལེགས་ཚེ་རིང་གིས་ ཁོ་གི་ ཌིསི་མཱལ་༢༣ འབད་མི་ ས་ཆ་ཁག་༢ གཞུང་ལམ་རྒྱ་བསྐྱེད་ནང་ ཚུད་སོ་མི་ལུ་བརྟེན་ ཁོ་རའི་གཡུས་ཁར་ ས་ཁག་༢ དེ་ཅིག་འཚོལ་ཏེ་ ས་ཚབ་ངོས་འཛིན་འབད་ཡོད་རུང་ གནང་བ་ཐོབ་མ་ཚུགས་པའི་ཁར་ མཐའན་མཇུག་ལུ་ ལམ་གོང་རྒེད་འོག་ནང་ལས་ ངོས་འཛིན་འབད་དེ་ ཡིག་ཆ་ཚུ་ ས་ཆ་ལྷན་ཚོགས་ནང་ ཕུལ་ཡོདཔ་ད་ དེ་ལུ་ ངོས་ལེན་མ་བྱུང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ ཀུན་གསལ་གྱིས་ བདེན་དཔྱད་ཀྱི་དོན་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་མ་ཚུགསཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment