༢༧/༠༧/༢༠༡༢། ༉ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ དུར་གཡུས་ཚན་ལས་ སྐྱེས་ལོ་༥༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁ་འབྱལ་ནི་འབད་ཡོད་མི་ ཁོ་རའི་ གནས་ཚང་གི་ཁྱིམ་ནང་ལས་ ཏི་རུ་ཨར་རྐུན་འབད་ནུག་ཟེར་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཕོ་སྐྱེས་དེ་ ཁོ་རའི་ གནས་ཚང་དང་གཅིག་ཁར་ མ་འགྲིག་པར་ ཁ་འབྱལ་ནི་འབད་ ཁྲིམས་འདུན་ལུ་ རྩོད་བཤེར་ཐུག་ཡོད་རུང་ ད་ལྟོ་ འཁྲུན་ཆོད་མ་བཏོན་པར་ ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཕོ་སྐྱེས་དེ་གིས་ ཁྱིམ་གྱི་ སྒོ་སྤོག་སྟེ་ ནང་ན་འཛུལ་ཞིནམ་ལས་ དངུལ་ཀྲམ་༦༠,༠༠༠ ལྷགཔ་ཅིག་ བཏོན་འབག་པའི་ དོགས་པ་ཡོད་ཟེར་ ཨམ་སྲུ་དེ་གིས་ སླབ་པའི་ཤུལ་ལས་ འཛིན་བཟུང་འབད་ཡི་ཟེར་ སླབ་ཨིན་པས།
ཨིན་རུང་ ཕོ་སྐྱེས་དེ་གིས་འབད་བ་ཅིན་ དེ་བསྒང་ ཆང་འགྲངས་ཡོདཔ་ལས་ ཁྱིམ་ནང་འཛུལ་ཡོད་རུང་ ཏི་རུ་འབག་པའི་ དྲན་པ་མིན་འདུག་ཟེར་ སླབ་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ སྐྱེས་ལོ་༥༡ ལང་མི་ གནས་ཚང་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ འབད་བ་ཅིན་ ཁྱིམ་དེ་ ཁོང་བཟའ་ཚང་གཉིས་སྡོད་ས་ཨིན་རུང་ རྩོད་བཤེར་དེ་ ད་ལྟོ་ མཇུག་མ་བསྡུ་བར་ཡོདཔ་ལས་ ཤུགས་བཙོང་སྟེ་ ཁྱིམ་ནང་འཛུལ་ཡོད་པའི་ ཉེས་འཛུགས་འབད་འོང་ཟེར་ བཤད་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment