གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་མཐོ་རིམ་སློབ་གྲྭ་ སྤྱི་ལོ་༢༠༡༣ གྱི་ལོ་ཕྱེད་ལས་ སྒོ་ཕྱེ་ནི།

ཐིམ་ཕུ་ འཇིགས་མེད་རྡེ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་།
༢༥/༠༧/༢༠༡༢། ༉ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་བཞག་ཁང་ཚུ་ སློབ་སྟོན་སྨན་ཁང་ཅིག་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ལེགས་བཅོས་ཀྱི་ལཱ་ལུ་ ཤུགས་ལང་པའི་བསྒང་ཡོད་རུང་ འབྲུག་གི་གསོ་བའི་མཐོ་རིམ་སློབ་གྲྭ་དང་པའི་ སློབ་སྟོན་འབད་ནི་ཚུ་ སང་ཕོད་སྤྱི་ཟླ་༧ པའི་ནང་ལས་རྐྱངམ་གཅིག་ འགོ་བཙུག་ནི་ཨིནམ་ལས་ འཆར་གཞི་བརྩམས་མི་ལས་ ལོ་༡ གིས་ ཕྱིས་ནི་ཨིན་པས།
ཞག་དུས་ལོ་ངོ་༡ ཕར་འཕུལ་རྐྱབ་དགོ་མིའི་ གནད་དོན་ཅིག་ འབྲུག་དང་ རྒྱ་གར་གྱི་བར་ན་ དང་པ་ར་ སློབ་ཁང་ལག་ལེན་འགོ་བཙུགས་ཀྱི་ ཆིངས་ཡིག་གུ་ མཚན་རྟགས་མ་བཀོད་པར་ ཡོད་ནི་དེ་གིས་ཨིན་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མཐོ་རིམ་སློབ་གྲྭ་འགོ་བཙུག་ནིའི་དོན་ལུ་ དགོཔ་ཁག་ཆེ་ཤོས་ར་ གཙུག་ལག་སློབ་སྡེའི་ སློབ་ཚོགས་ཚུ་ ཆིངས་ཡིག་དང་འཁྲིལ་དགོཔ་ལས་ ད་ཚུན་གྱི་བར་ན་ ཆིངས་ཡིག་གི་ ཟིན་བྲིས་དེ་ ལན་ཐེངས་༡༡ བསྐྱར་བཅོས་འབད་དགོཔ་ བྱུང་ཡོདཔ་ད་ ཆིངས་ཡིག་གི་ ཡིག་ཆའི་ནང་ གནད་དོན་གཞན་ཚུ་གི་གྲས་ལས་ རྒྱ་གར་ལས་ འབྲུག་ལུ་ དངུལ་འབྲེལ་དང་ མི་སྟོབས་ཀྱི་ རྒྱབ་སྐྱོར་འབད་ནི་ཚུ་ གསལ་བཀོད་འབད་དགོཔ་ཨིན་པས།
གསོ་བའི་མཐོ་རིམ་སློབ་གྲྭའི་ ལས་འགུལ་གྱི་ འཛིན་སྐྱོང་པ་ རྒྱ་མཚོ་གིས་ སླབ་མིའི་ནང་ གཙུག་ལག་སློབ་སྡེའི་འོག་ལུ་ གསོ་བའི་སློབ་ཚོགས་ཟེར་སླབ་མི་ གསོ་བའི་མཐོ་རིམ་སློབ་གྲྭ་ལག་ལེན་དང་ དངུལ་ཕོགས་ཚུ་གི་དོན་ལུ་ ཟད་འགྲོ་མ་དངུལ་དུང་ཕྱུར་༡ དེ་ཅིག་ གནས་ནི་མས་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ དུས་ཅི་ འགོ་མ་མཙུགས་མི་དེ་ཡང་ ཞབས་ཏོག་གནས་སྟངས་དང་ གཞི་རྟེན་མཐུན་རྐྱེན་ དེ་ལས་ སློབ་སྟོན་འབད་མི་ གཙུག་ལག་ལེགས་སྦྱར་བ་ཚུ་ གྲ་སྒྲིག་མེད་མི་ལུ་བརྟེན་ཨིན་ཟེར་ རྒྱ་མཚོ་གིས་ བཤད་ཡོདཔ་ད་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ ཨེམ་བི་བི་ཨེསི་དྲུང་འཚོའི་སློབ་སྦྱོང་གི་དོན་ལུ་ གདམ་འཐུ་འབད་ནི་ འགོ་བཙུགས་ཡོད་ཟེར་ སླབ་ཨིན་པས།
ད་ལྟོ་ཡོད་མི་ རྒྱལ་འཛིན་གསོ་བའི་ཚན་རིག་སྤེལ་ཁང་དང་ རྒྱལ་ཡོངས་ནང་པའི་གསོ་རིག་སྤེལ་ཁང་གཉིས་ འབྲུག་གི་གསོ་བའི་ཚན་རིག་གཙུག་ལག་སློབ་སྡེའི་འོག་ལུ་ བཙུགས་ཐོག་ལས་ སྤྱི་ཟླ་༨ པ་དང་༩ པའི་བར་ན་ གཙུག་ལག་སློབ་སྡེ་དེ་ གཞི་བཙུགས་འབད་ནི་ཨིན་པས།
སང་ཕོད་སྤྱི་ཟླ་དང་པ་ལས་ སློབ་ཁང་གསུམ་གྱི་དོན་ལུ་ གཙུག་ལག་ལེགས་སྦྱར་བ་ཚུ་ གདམ་འཐུ་འབད་ནི་ འགོ་བཙུག་ནི་དང་ སྤྱི་ཟླ་༣ པ་ལས་ གཙུག་ལག་སློབ་སྡེའི་ནང་ ལཱ་འབད་ནི་ འགོ་བཙུག་ནི་ཨིནམ་བཞིན་དུ་ ཁོང་གི་དངུལ་ཕོགས་ཡང་ དངུལ་ཀྲམ་༢༠༠,༠༠༠ དང་ ཁང་གླ་སྤྲོད་མ་དགོ་པའི་ སྡོད་གནས་ཚུ་ བྱིན་ནི་གི་ གྲོས་འཆར་ཡོདཔ་ཨིན་པས།
རྒྱ་མཚོ་གིས་འབད་བ་ཅིན་ གཙུག་ལག་ལེགས་སྦྱར་བའི་དོན་ལུ་ ལཱ་གཡོག་ནང་ ཡོད་མི་དང་ དགོངས་ཞུ་འབད་མི་ འབྲུག་གི་ཌོག་ཊར་ཚུ་གིས་ཡང་ ཞུ་ཡིག་བཙུག་ཆོག་ཟེར་ཨིན་པས།
ད་རུང་ གསོ་བའི་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་༥༠ གི་དོན་ལུ་ མི་རོ་༡༠ དེ་ཅིག་ དགོ་ནི་ཨིནམ་ལས་ དེ་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་ནིའི་ གནད་དོན་ཚུ་ ཆིངས་ཡིག་བཀོད་པའི་སྐབས་ གྲོས་བསྡུར་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment