གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་ ག་ཅིའི་འོག་ལུ་ཚུདཔ་ཨིན་ན?

༢༣/༧/༢༠༡༢   ༉ རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སློབ་སྦྱོང་པ་ཚུ་གིས་ སློབ་སྦྱོང་སྤེལ་ཁང་དེ་ གཙུག་སྡེ་ག་ཅིའི་འོག་ལུ་ ཚུདཔ་ཨིན་ན་ཟེར་བའི་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།
དེ་སྦེ་ ཉོགས་བཤད་བཀོད་མི་དེ་ཡང་ སྤེལ་ཁང་འོག་གི་ སྒྱུ་རྩལ་མཁནམ་ཚུ་ སྡེ་རིམ་༡༢ པའི་ ཞི་གཡོགཔ་ཚུ་གི་གྲངས་སུ་ཚུདཔ་ཨིན་རུང་ ཞི་གཡོགཔ་དང་ ཁོང་གི་བར་ན་ ཐོབ་ལམ་གྱི་ཁྱད་པར་ ཞུགས་ནི་དེ་གིས་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ་ཨིན་པས།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སྒྱུ་རྩལ་མཁནམ་ཚུ།


དེ་ཡང་ ཁོང་གི་ ཟླ་རིམ་དངུལ་ཕོགས་ཚུ་ ཞི་གཡོག་པའི་སྡེ་རིམ་དང་འཁྲིལ་ཏེ་ ཐོབ་དོ་ཡོདཔ་ཨིན་རུང་ དགོངས་ཞུའི་གསོལ་རས་དང་ ངལ་གསོའི་འཐུས་ དེ་ལས་ ཉིན་འཐུས་ཚུ་ ཚུལ་བཞིན་དུ་ མ་ཐོབ་ནི་དེ་གིས་ཨིན་པས།
དགོངས་ཞུའི་གསོལ་རས་དེ་ ལོ་ངོ་ག་དེམ་ཅིག་ ཕྱག་ཞུ་སྟེ་འབད་རུང་ བསྡོམས་ཀྱིས་ དངུལ་ཀྲམ་༣༠,༠༠༠ རྐྱངམ་གཅིག་ཐོབ་དོ་ཡོདཔ་ད་ ངལ་གསོའི་འཐུས་དེ་ཡང་ བརྒྱ་ཆ་༢༠ ལས་མ་ཐོབ་པའི་ཁར་ སྡེ་རིམ་༡༢ པའི་ཞི་གཡོགཔ་ཚུ་ གཞུང་དོན་ལུ་ ལྟ་སྐོར་འགྱོཝ་ད་ ཉིན་འཐུས་དངུལ་ཀྲམ་༣༠༠ རེ་ཐོབ་དོ་ཡོད་རུང་ སྒྱུ་རྩལ་མཁནམ་ཚུ་ དངུལ་ཀྲམ་༡༥༠ ལས་ མ་ཐོབ་ཨིན་པས།
སློབ་སྦྱོང་པ་ཚུ་གིས་ སླབ་མིའི་ནང་ འགོ་དང་པ་ སློབ་སྦྱོང་སྤེལ་ཁང་ནང་འཛུལཝ་ད་ ནང་སྲིད་ལྷན་ཁག་གིས་ ས་སྟོང་གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ འཛུལ་དོ་ཡོདཔ་ཨིན་རུང་ དེ་ཚུ་ ཞི་གཡོག་གི་ལམ་ལུགས་དང་འཁྲིལ་ མ་ཐོབ་ནི་དེ་གིས་ སྤེལ་ཁང་དེ་ འབྲུག་རྒྱལ་ཡོངས་གཙུག་ལག་སློབ་སྡེའི་ འོག་ལུ་ཡང་ མེནམ་བཟུམ་དང་ ཡང་ཅིན་ ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ཡང་ མེནམ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
སྤེལ་ཁང་ནང་ ལོ་ངོ་༡༣ དེ་ཅིག་ལང་མི་ མོང་སྒར་དགྲ་མེད་རྩེ་ལས་ སྐྱེས་ལོ་༣༧ འབད་མི་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ དགོངས་ཞུའི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ཐོབ་མི་དེ་གིས་ དགོངས་ཞུ་འགྱོ་བའི་སྐབས་ དགྲ་མེད་རྩེ་ཚུན་ ག་དེ་སྦེ་ ལྷོད་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
སློབ་སྦྱོང་སྤེལ་ཁང་ནང་ འགོ་དང་པ་ འཛུལ་ཞུགས་འབདཝ་ད་ ཞི་གཡོགཔ་སྡེ་རིམ་༡༦ པའི་ནང་ བྱིན་དོ་ཡོདཔ་ད་ ལོ་ངོ་༤ པའི་སྦྱོང་བརྡར་དེ་ མཐར་འཁྱོལ་བའི་ཤུལ་ལས་ སྒྱུ་རྩལ་མཁནམ་གྱི་གནས་ཚད་ནང་ སྡེ་རིམ་༡༢ པའི་གནས་ཚད་ནང་ ལྷོད་ཞིནམ་ལས་ དེ་ནང་ ཐོགས་ལུས་དོ་ཡོདཔ་ཨིན་པས།
སློབ་སྦྱོང་སྤེལ་ཁང་ནང་ སློབ་སྦྱོང་པ་སྦེ་ འཛུལ་ནིའི་དོན་ལུ་ ཤེས་ཚད་ཉུང་ཤོས་ར་ སློབ་རིམ་༨ པའི་ ཤེས་ཚད་དགོཔ་ད་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་དབུ་འཛིན་ ཨོ་རྒྱན་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤེལ་ཁང་གི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ ན་གཞོན་ཚུ་ འཐོབ་ནིའི་དོན་ལུ་ ལཱ་ཁག་རྐྱབ་ལས་ སྒྱུ་རྩལ་མཁནམ་ཚུ་གིས་ ད་ལྟོ་ ཞི་གཡོག་སྡེ་རིམ་༡༢ པའི་གནས་ཚད་ནང་ དངུལ་ཕོགས་ཚུ་ ཐོབ་དོ་ཡོད་རུང་ ཐོབ་ཐངས་གཞན་གྱི་རིགས་ཚུ་ ཞི་གཡོགཔ་དང་འདྲན་འདྲ་འབད་ ཐོབ་དགོ་པའི་གྲོས་གཞི་ ནང་སྲིད་ལྷན་ཁག་ལུ་ བཙུགས་ནིའི་དོན་ལུ་ ད་ལྟོ་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒྱུ་རྩལ་མཁནམ་ཚུ་ སྡེ་རིམ་༡༢ པ་ལས་ ཡར་བལྟ་འགྱོ་མ་ཚུགས་མི་དེ་ཡང་ ད་ལྟོ་ སྤེལ་ཁང་གི་དོན་ལུ་ ལམ་སྟོན་འདྲཝ་ཅིག་ ག་ནི་ཡང་མེདཔ་ལས་ གཙོ་བོ་ སྤྱི་ལོ་༡༩༨༩ ལུ་ དངུལ་རྩིས་ལྷན་ཁག་གིས་བཏང་མི་ བཀའ་རྒྱ་ལུ་ གཞི་བཞག་ཐོག་ལས་ འབད་ནི་དེ་གིས་ ཨིན་མས་ཟེར་བཤད་ཅི།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་འབད་བ་ཅིན་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་དང་ དངུལ་རྩིས་ལྷན་ཁག་ གཞུང་ཆས་ལས་ཁུངས་འོག་ལུ་ཡོད་པའི་ སྤྲོས་རྐོ་དང་ ཚེམ་འདྲུབ་ལ་སོགས་པའི་ ཁྱད་རིག་ཅན་གྱི་ ལས་བྱེདཔ་ཚུ་ དངུལ་རྩིས་ལྷན་ཁག་འོག་ལུ་ སྡོད་ཡོད་རུང་ ཤུལ་ལས་ སྤེལ་ཁང་དེ་ དམིགས་བསལ་ལྷན་ཚོགས་འོག་ལུ་ བཙུགས་ཡོད་རུང་ ཁྱད་རིག་ཅན་གྱི་ལས་མི་ཚུ་ ལྷན་ཁག་འོག་ལུ་ར་ ལུས་སོ་ནུག་ཟེར་ཨིན་པས།
ཤུལ་ལས་ ལྷན་ཁག་གིས་ ཞི་གཡོག་ལྷན་ཚོགས་ལུ་ ཁྱད་རིག་ཅན་གྱི་ལས་མི་ཚུ་ ཞི་གཡོགཔ་དང་འདྲན་འདྲ་སྦེ་ ངོས་འཛིན་འབད་དགོ་པའི་ གྲོས་གཞི་བཙུགསཔ་བཞིན་དུ་ གནང་བ་གྲུབ་ཡོདཔ་ད་ སློབ་སྦྱོང་སྤེལ་ཁང་དེ་ དེ་སྦེ་ར་ ལུས་སོ་ནུག་ཟེར་ཨིན་པས།
ཨིན་རུང་ དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༦ དང་༢༠༡༠ ལུ་ དངུལ་ཕོགས་ཡར་སེང་ཐོབ་ད་ སློབ་སྦྱོང་སྤེལ་ཁང་གི་ སློབ་སྦྱོང་པ་ཚུ་ཡང་ ཞི་གཡོགཔ་དང་གཅིག་མཚུངས་སྦེ་ ཐོབ་ཡོད་རུང་ ཐོབ་ལམ་གཞན་གྱི་རིགས་ཚུ་ སྒྱུར་བཅོས་མེད་པར་ ལུས་སོ་ནུག་ཟེར་ དབུ་འཛིན་གྱིས་བཤད་ཅི།
སྤེལ་ཁང་དེ་ སྤྱི་ལོ་༡༩༥༤ ལུ་ མི་དབང་ཞིང་གཤེགས་དམ་པ་ འབྲུག་རྒྱལ་༣ པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རང་ལུགས་ཀྱི་ ཞབས་ཁྲ་ཚུ་ གོང་འཕེལ་གཏང་ནི་ལུ་དམིགས་ཏེ་ གཞུང་གི་ལས་སྡེ་ཅིག་སྦེ་ གཞི་བཙུགས་གནང་ནུག།
ད་རེས་ སློབ་སྦྱོང་སྤེལ་ཁང་ནང་ སློབ་སྦྱོང་པ་༡༨ དང་ སྒྱུ་རྩལ་མཁནམ་༤༥ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment