གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་བསྐྱར་བཞེངས་དོན་ལུ་ མ་དངུལ་མེད་པའི་དཀའ་ངལ།

༢༡/༧/༢༠༡༢   ༉ ཆུ་ཁ་རྫོང་ཁག་ སྤ་སྒར་དགོན་པའི་ལྷ་ཁང་ མེ་མཆོད་བཞེས་ཏེ་ ཟླཝ་༦ དེ་ཅིག་ ལང་ཡོདཔ་ཨིན་རུང་ མ་དངུལ་མེད་པའི་ དཀའ་ངལ་ལུ་བརྟེན་ ལོག་བསྐྱར་བཞེངས་འབད་ནི་གི་ འཆར་གཞི་མེདཔ་ཨིན་པས།

མེ་མཆོད་མ་བཞེས་པའི་སྐབས་ཀྱི་ སྤ་སྒར་ལྷ་ཁང་།


ཨིན་རུང་ ད་རེས་ནངས་པ་ ལྷ་ཁང་གི་ གྲྭ་ཤག་ཆུང་ཀུ་ཅིག་ཡོད་མིའི་ནང་ དགེ་སློང་༣༠ དེ་ཅིག་ གཅིག་ཁར་སྤུངས་ཏེ་ སྡོད་དགོ་པའི་ དཀའ་ངལ་ལུ་བརྟེན་ ཧེ་མའི་ ལྷ་ཁང་གི་འོག་ལུ་ཡོད་པའི་ སྐམ་ཞིང་དེ་ནང་ གྲྭ་ཤག་ཐོག་ཚད་༢ འབད་མི་ཅིག་ རྐྱབ་ནིའི་འཆར་གཞི་ཡོདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ལྷན་ཁག་དང་ ལས་ཁུངས་ཀྱི་ལས་བྱེདཔ་ཚུ་ དེ་བཟུམ་མའི་ རྐྱེན་ངན་ཚུ་ བྱུང་མི་ལུ་བརྟེན་ དུས་ཚོད་མེདཔ་ལས་ དགོན་པའི་བླམ་ཁོ་ར་གིས་ བཟོ་བཀོད་ཅིག་ ལས་ཁུངས་ནང་ བཙུགས་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
བཟོ་བཀོད་དེ་ ལྷོདཔ་ཅིག་ བཟོ་སྐྲུན་གྱི་གནང་བ་ སྤྲོད་ནི་ཨིན་རུང་ ལྷ་ཁང་བསྐྱར་བཞེངས་འབད་ནིའི་ཐད་ལུ་ལྷོདཔ་ད་ ད་ལྟོ་ གཞུང་ལུ་ མ་དངུལ་རྩ་ལས་ར་ མེད་ཟེར་ཨིན་པས།
དེ་མ་ཚད་ ལྷ་ཁང་གི་ནང་རྟེན་ཚུ་ ལ་ལུ་ཅིག་ མེ་གིས་འཚིགས་ཡོདཔ་ད་ ལ་ལུ་ཅིག་ ཉམས་ཆག་ཤོར་ཡོདཔ་ལས་ ནང་རྟེན་ཚུ་ ག་ཅི་ཡང་ ཐོབ་མ་ཚུགསཔ་བཟུམ་ཅིག་ར་ཨིན་ཟེར་ ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་ཡོདཔ་ད་ ད་རེས་ ལྷ་ཁང་དེ་གི་ དུས་མཆོད་འབུམ་སྡེ་ཚུ་ ལྷ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ མཆོད་རྟེན་ལྷ་ཁང་ནང་སྦེ་ བཏང་དོ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལྷ་ཁང་བསྐྱར་བཞེངས་ཀྱི་ཐད་ལུ་ལྷོདཔ་ད་ དམིགས་བསལ་དུ་ ལྡེབས་རིས་དང་ མཆོད་ཆས་ཚུ་ ལོག་མཁོ་སྒྲུབ་འབད་ནི་དེ་ ཟད་འགྲོ་ཆེ་བའི་ ལཱ་ཅིག་ཨིནམ་ལས་ བསྐྱར་བཞེངས་ཀྱི་ལཱ་ཚུ་ ནམ་འབད་ནི་ཨིན་ན་ ཤུལ་མམ་གྱི་ གཞུང་གི་ཕྱག་ལུ་ ཨིན་ཟེར་ཨིན་པས།
ལྷ་ཁང་བསྐྱར་བཞེངས་འབད་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ནི་ཨིན་རུང་ ངེས་པར་དུ་ བསྐྱར་བཞེངས་འབད་ནི་ཨིནམ་ལས་ ཤུལ་ལས་ ད་རེས་བ་ལྷག་པའི་ བཟོ་བཀོད་ཚུ་ འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༥ ལུ་བྱུང་མི་ ས་ཡོམ་གྱི་ རྐྱེན་ངན་ལུ་བརྟེན་ ད་རེས་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ཉམས་བཅོས་ཀྱི་ ལཱ་གི་དོན་ལུ་ཡང་ དངུལ་ཀྲམ་ས་ཡ་༥༠༠ ལྷགཔ་ཅིག་ ལང་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དེ་དང་འཁྲིལ་ ཧེ་མ་ལས་ ལྷ་ཁང་ཚུ་ཡོད་པའི་ ས་གནས་ཚུ་ནང་ ལྷ་ཁང་གསར་བཞེངས་འབད་ནིའི་ གནང་བ་ལེན་པར་འོང་མི་ཚུ་ལུ་ ངོས་ལེན་འབད་ནི་མེད་ཟེར་ཨིནམ་ད་ གལ་སྲིད་ ས་ཁོངས་ཚུ་ནང་ ལྷ་ཁང་ཚུ་ མེད་དེ་འབད་བ་ཅིན་ གནང་བ་ཚུ་ བྱིན་དོ་ཡོདཔ་ཨིན་རུང་ དེ་ལུ་ ལྷ་ཁང་བཞེངས་མི་ཚུ་གིས་ ཁས་ལེན་དགོ་པའི་ དོན་ཚན་ཚུ་ ཡོད་ཟེར་ཨིན་པས།
དོན་ཚན་ཚུ་ཡང་ གནང་བ་ལེན་པའི་སྐབས་ལུ་ མ་འོངས་ལོ་ངོ་༢༠ གི་རིང་ གཞུང་ལས་ ཟད་འགྲོ་དང་ བཟོ་སྐྲུན་གྱི་དོན་ལུ་ ཤིང་ཆས་ཀྱི་ གྲོགས་རམ་མི་ལེན་ནི་ དེ་ལས་ ལྷ་ཁང་དེ་གི་དོན་ལུ་ ཉེན་སྲུང་གི་མ་དངུལ་ཚུ་ཡང་ གསོག་འཇོག་དགོཔ་ཡོད་མི་ཚུ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment