བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ བཀྲམ་བཞག་མི་ ཚོད་བསྲེ་ཚུ། |
དེ་ཡང་ བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་ཁར་ ཚོད་བསྲེ་ཀེ་བ་དང་ ཨེ་མ་ཧོནམ་མ་གཏོགས་ ཚོད་བསྲེ་གཞན་ཚུ་ མ་ཐོབ་ནི་དེ་གིས་ཨིནམ་ད་ ས་གནས་ཀྱི་མི་ཚུ་ ཁྲོམ་ཁ་ལས་ དུས་ཡུན་སྐར་མ་༡༠ དེ་ཅིག་ ལམ་འགྲུལ་འབད་དགོ་པའི་ མ་མཚམས་ས་གནས་ པར་ཀ་ཇུ་ལི་ལུ་ ཉོ་བར་འགྱོ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་ལུ་ ཨེ་མ་བཙོང་མི་ཚུ་ཡང་ མང་ཤོས་ར་ བཀྲིས་གཡང་རྩེ་ལས་ འབག་འོང་དོ་ཡོདཔ་ཨིན་པས།
ཚོད་བསྲེ་ཨ་ཙི་རེ་ཐོབ་མི་དེ་ཡང་ ས་མཚམས་ཁྲོམ་ལས་ འབག་འོང་སྟེ་ བཙོང་མི་ཚུ་ཨིནམ་ལས་ གོང་ཚད་ཀྱི་ཁྱད་པར་ དངུལ་ཀྲམ་༡༠ དང་༥ དེ་ཅིག་གི་ཁྱད་པར་ འོངམ་མས་ཟེར་ ཚོད་བསྲེ་ཉོ་མི་ཅིག་གིས་ སླབ་ཨིན་པས།
ད་རང་ག་ལས་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༢༠ གི་བར་ན་ ཐོབ་དོ་ཡོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལུ་ ལྷོད་པའི་བསྒང་ལས་ དངུལ་ཀྲམ་༥ དེ་ཅིག་ ཐེབས་སྤྲོད་དགོ་པས་ཟེར་ཨིན་པས།
རྒྱ་གར་གྱི་ མངའ་སྡེ་ཨ་སམ་ལུ་ ལཱ་བཤོལ་ངོ་རྒོལ་འགྲེམ་སྟོན་འབད་བའི་སྐབས་རྐྱངམ་ཅིག་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ ཚོད་བསྲེ་ཉོཝ་ཨིན་ཟེར་ སྐྱེས་ལོ་༣༦ ལང་མི་ རིན་ཆེན་གྱིས་ བཤདཔ་ཨིན་པས།
ཟ་ཁང་ཚུ་གིས་ཡང་ ཚོད་བསྲེ་ཚུ་ ས་མཚམས་ཁྲོམ་ལས་ར་ ཉོ་དོ་ཡོདཔ་བཞིན་དུ་ ཟ་ཁང་ཅིག་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཟ་ཁང་གི་དོན་ལུ་ ཚོད་བསྲེ་སྣ་ཁག་ལེ་ཤ་དགོཔ་ལས་ ད་རང་ག་ལས་ མ་ཉོ་བར་ བྱ་ཐབས་མིན་འདུག་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཚོད་བསྲེ་བཀྲམ་སྤེལ་འབད་ནི་དེ་ འགོ་མ་བཙུགས་པར་ཡོདཔ་ལས་
ད་ལྟོ་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ཚུ་གི་ ཚོད་བསྲེའི་མཁོ་མངགས་འབད་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ཚུ་གིས་ འབྲུག་བཟའ་སྤྱོད་ལས་འཛིན་བརྒྱུད་དེ་མིན་པར་ ཁོང་ར་གིས་ ཐད་ཀར་དུ་ བཏོན་ནི་སྦེ་ སླབ་མས་ཟེར་ ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ རུ་པིའི་དཀའ་ངལ་བསལ་ཞིནམ་ལས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཚོད་བསྲེ་བཀྲམ་སྤེལ་གྱི་ འགོ་འདྲེན་མི་འཐབ་ཟེར་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment