༢༨/༠༧/༢༠༡༢། ༉ ས་གནས་གཞུང་འདི་ གཞུང་ཆུང་ཀུ་དང་ ཡང་ཅིན་ གནས་རིམ་དམའ་ཤོས་ཀྱི་ གཞུང་མིན་པར་ མི་སེར་ཚུ་གི་དོན་ལུ་ མཐུན་ཏོག་ཏོ་དང་ ཐག་ཉེ་ཤོས་ཀྱི་ གཞུང་ཨིན་པ་ལུ་བརྟེན་ ཁྱེད་ཆ་ཁྱབ་ཀྱིས་ རྒཔོ་གི་བདག་སྐྱོང་དང་ ས་གནས་གཞུང་གི་ རང་དབང་རྩ་བརྟན་བཟོ་ནི་ལུ་ ལཱ་འབད་དགོ་ཟེར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསུངས་གནང་ཡི།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མི་དབང་མངའ་ཞབས་མཆོག་གིས་ དབང་འདུས་ཕོ་བྲང་ ཤར་དར་བརྒྱད་ཀྱི་ རྒེད་འོག་༡༥ ནང་ ས་ཁྲམ་འཆང་མི་༨,༡༥༠ ལུ་ ས་ཆའི་སྐྱིད་སྡུག་དང་ ས་ཐེབས་ཨེ་ཀར་༧,༧༥༢ ཐོན་མི་ཚུ་ལུ་ ས་རིན་དངུལ་ཀྲམ་ས་ཡ་༢༨.༤༢ སྤྲོད་མ་དགོ་པའི་ དགོངས་ཡངས་གནང་པའི་ཤུལ་ལུ་ བཙག་འཐུ་གྲུབ་པའི་ མི་སྡེའི་འགོ་ཁྲིདཔ་ཚུ་ལུ་ འགན་ཁུར་རྩ་ཅན་འབག་དགོཔ་ཡོད་པའི་སྐོར་ དྲན་གསལ་གནང་ཡི།
ཁྱེད་རྒཔོ་ཚུ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ གསེར་ཁྲི་རྩ་བ་ལས་ ལེགས་དར་གནང་པའི་སྐབས་ དམངས་གཙོའི་རིང་ལུགས་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ འགན་ཁུར་རྩ་ཅན་ འབག་དགོཔ་ཡོད་པའི་སྐོར་ལས་ གསུངས་མི་དེ་ ད་རེས་ ནན་བསྐྱར་དུ་ དྲན་གསོ་འབདཝ་ཨིན་ཟེར་ མི་དབང་མཆོག་གིས་ གསུངས་ཡོདཔ་ད་ རྒྱལ་ཁབ་ནང་ རྒེད་འོག་༢༠༥ འི་ རྒཔོ་ཆ་མཉམ་ར་ མི་སེར་ལས་ བཙག་འཐུ་གྲུབ་ཞིནམ་ལས་ མི་དབང་མཆོག་གིས་ དུས་ཅི་གི་ ལོའི་སྔ་ཆ་ལུ་ རྒྱལ་ས་ལྟེ་བ་ལུ་སྦེ་ ལེགས་དར་ཚུ་གནང་ཡི།
ང་བཅས་རའི་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་དེ་ ལོ་ངོ་དག་པ་ཅིག་ལས་ མ་འགྱོ་རུང་ ང་བཅས་ཀྱིས་ དམངས་གཙོ་ཅན་གཞུང་གི་ གཞི་འགྱམ་བཙུགས་མི་ལུ་ལྟཝ་ད་ མཐར་འཁྱོལ་སྦོམ་བྱུང་བའི་ མཐོང་གསལ་བྱུངམ་མས་ཟེར་ མི་དབང་མཆོག་གིས་ གསུངས་པའི་ཁར་ ད་རེས་ནངས་པ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་དང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་ཚུ་ག་ར་ གཞི་བཙུགས་འབད་ཚར་ཡོདཔ་མ་ཚད་ གཙུག་སྡེ་སོ་སོའི་ནང་འཁོད་ལུ་ ལཱ་གཅིག་ཁར་འབད་བའི་ མངོན་གསལ་བྱུང་དོ་ཡོདཔ་ཨིན་རུང་ ང་བཅས་ཀྱིས་ ད་ལས་ཕར་ ས་གནས་གཞུང་ སྒྲིང་སྒྲིང་བཟོ་ནི་ལུ་ གཙོ་བོར་བཏོན་དགོ་ཟེར་ གསུངས་གནང་ཡི།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་འབད་བ་ཅིན་ མི་དབང་མཆོག་གིས་ བཀའ་སློབ་བཟང་པོ་ གནང་མི་དང་འཁྲིལ་ ཁོང་གི་ ཁ་ཐུག་ལས་འབད་རུང་ རྩ་ཁྲིམས་ཆེན་མོ་གིས་གནང་མི་ འགན་དབང་དང་འཁྲིལ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་ འགྱམ་སྒྲིང་སྒྲིང་བཟོ་ནི་ལུ་ ག་དེ་དྲག་དྲག་ ཕྱག་ཞུ་ནི་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ གསུངས་དོ་བཟུམ་སྦེ་ དམངས་གཙོའི་རིང་ལུགས་དེ་ ས་གནས་གཞུང་ལས་ འགོ་བཙུགསཔ་ཨིནམ་ལས་ མདུན་ལམ་ལུ་བསྐྱོད་ནི་དེ་ རྒཔོ་གིས་གཙོས་པའི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ཕོགཔ་དོ་ཡོདཔ་ལས་ ང་བཅས་ཀྱིས་ འགན་ཁུར་ཚུལ་བཞིན་དུ་ འབག་དགོཔ་དེ་ གལ་ཆེ་ཟེར་ དྭངས་ཆུ་རྒཔོ་ བསོད་ནམས་རྡེ་རྗེ་གིས་ སླབ་ཨིན་པས།
ཁ་ཙ་ མི་དབང་མངའ་ཞབས་མཆོག་གིས་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གཟིགས་སྐོར་གནང་སྟེ་ སློབ་ཕྲུག་ཚུ་དང་ མཇལ་ཕྲད་གནང་པའི་ཤུལ་ལུ་ བསྟན་སྐྱོང་གླིང་བསྟན་སྲུང་དམག་སྡེའི་ རྩེད་ཐང་ནང་ ཕུཊ་བཱོལ་གྱི་ རྩེད་འགྲན་ལས་རིམ་ནང་ བཅའ་མར་གཏོགས་གནང་ཡི།
མི་དབང་མཆོག་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་གྱི་ ལས་རིམ་མཇུག་བསྡུ་མི་ དབུས་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ཆིབས་བསྐྱོད་གནང་པར་ བྱོནམ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ རིག་འཛིན་དབང་ཕྱུག།
No comments:
Post a Comment