གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱགས་སྙིགས་བསྡུ་ལེན་འབད་མི་དང་ བཀོ་སའི་ས་གོ་ མེད་པའི་དཀའ་ངལ།

ཕྱགས་སྙིགས་ལས་ཐོན་པའི་ དྲི་ངན་དང་ སྦྱངམ་ཚུ་གིས་འབད་མ་ཚུགས་པར་ བཞེས་སྒོ་བཟའ་བའི་སྐབས་ ཨ་རྟག་ར་ སྒོ་སྒྲིག་དང་ སྒོ་ཚུ་བསྡམས་ཏེ་ བཟའ་དགོཔ་ཐོནམ་མས་ཟེར་ ཨྱོན་ཆོས་སྒྲོན་གྱིས་ སླབ་ཨིན་པས།
འཕྲིན་ལས་སྒང་གི་ ཉེ་འདབས་ལུ་ དབང་འདུས་དང་ ཐིམ་ཕུའི་གཞུང་ལམ་འོག་ལུ་ བཀོག་བཞག་མི་ ཕྱགས་སྙིགས་ཚུ།
  ༢༦/༠༧/༢༠༡༢། ༉ སྤུ་ན་ཁ་ལུ་ ཕྱགས་སྙིགས་འཛིན་སྐྱོང་འབད་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ཡང་ འཕྲིན་ལས་སྒང་དང་ ལོད་སྦིས་ས་ལུ་ ཕྱགས་སྙིགས་བསྡུ་ལེན་འབད་མི་དང་ བཀོ་སའི་ས་གོ་མེདཔ་ལས་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།
འཕྲིན་ལས་སྒང་དེ་ དབང་འདུས་དང་ ཐིམ་ཕུ་གི་ གཞུང་ལམ་ཁར་ཨིནམ་ད་ ཁྲོམ་ཆུང་དེ་ནང་ ཚོང་ཁང་༡༠ དེ་ཅིག་དང་ མི་རློབས་༡,༠༠༠ དེ་ཅིག་ལས་མེད་རུང་ ཕྱགས་སྙིགས་བཀོ་སའི་ ས་གོ་མེད་ནི་དེ་གིས་ ཁྲོམ་ལས་ རྐང་སྟོང་སྦེ་ དུས་ཡུན་སྐར་མ་༥ དེ་ཅིག་ ལམ་འགྱོ་དགོ་པའི་ས་ཁར་ འཁོར་ལམ་འོག་ལུ་ བཀོ་དོ་ཡོདཔ་ཨིན་པས།
ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཀྱི་ཉེ་འདབས་ལུ་སྡོད་མི་ སྐྱེས་ལོ་༣༥ ལང་མི་ ཨྱོན་ཆོས་སྒྲོན་དང་ མོ་རའི་བཟའ་ཚང་ཚུ་ ཕྱགས་སྙིགས་ལས་ཐོན་པའི་ དྲི་ངན་དང་ སྦྱང་ནག་ཚུ་གིས་ འབད་མ་ཚུགས་པར་ བཞེས་སྒོ་ཚུ་ ཨ་རྟག་ར་ སྒོ་སྒྲིག་དང་ སྒོ་བསྡམས་ཏེ་ བཟའ་དོ་ཡོདཔ་ཨིན་པས།
ཕྱགས་སྙིགས་བཀོ་ས་དེ་ གཞུང་ས་ཁར་འབདཝ་ལས་བརྟེན་ མི་ཚུ་གིས་ རང་བཞིན་གནས་སྟངས་དང་ གཟུགས་ཁམས་ལུ་ གནོད་སྐྱོན་གྱི་སྐོར་ལས་ མནོ་བསམ་མ་བཏང་པར་ ཕྱགས་སྙིགས་ཚུ་ ག་ལྷོད་སར་ བཀོ་ཡོདཔ་ལས་ སྟབས་མ་བདེཝ་ཐོན་དོ་ཡོདཔ་ཨིན་པས།
ཉེ་འདབས་སྡོད་མི་ཚུ་གིས་ གཟུགས་ཁམས་ལུ་ ཉེན་ཁ་ཡོད་ལུགས་ཀྱི་སྐོར་དང་ ལ་ལུ་ཅིག་གིས་ ཕྱགས་སྙིགས་བཀོ་སའི་ འོག་ལས་མར་ ས་ཞིང་ཚུ་ མེདཔ་བཏང་པའི་སྐོར་ལས་ཡང་ ཉོགས་བཤད་བཀོད་ནི་འདུག།
དེ་མ་ཚད་ ཨམ་ཨྱོན་ཆོས་སྒྲོན་གྱི་ ཁྱིམ་གྱི་ལྟག་ལུ་ ཕྱགས་སྙིགས་བཀོ་སའི་ཧོད་ཅིག་ བཞག་མིའི་ནང་ཡང་ ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་ མ་བཀོ་ནི་དེ་གིས་ ཧོད་ཀྱི་གདོང་ཁར་ ཕྱགས་སྙིགས་ཚུ་གིས་ གང་སྟེ་ཡོདཔ་ད་ ཨྱོན་ཆོས་སྒྲོན་གྱིས་འབད་བ་ཅིན་ གནམ་བྱཱར་ ཆརཔ་རྐྱབ་པའི་སྐབས་ ཕྱགས་སྙིགས་ཚུ་ ཁྱིམ་གྱི་གདོང་ཁར་ལས་ཕར་ འཕྱག་བདའ་ནི་ཡོདཔ་ལས་ ནད་གཞི་ཚུ་ཡང་ འཐོབ་ནིའི་ཉེན་ཁ་འདུག་ཟེར་ཨིན་པས།
མོ་གིས་ བདུན་ཕྲག་ཨ་རྟག་ར་ ཧོད་ནང་ཡོད་མི་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ མེ་བཏང་དོ་ཡོདཔ་ད་ དེ་ཡང་ རྫོང་ཁག་དང་ ཁྲོམ་སྡེ་ལས་འཛིན་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བར་ འོང་ནི་མེད་ནི་དེ་གིས་ཨིན་པས།
འཕྲིན་ལས་སྒང་གི་ཚོང་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ མོ་གིས་ ས་གནས་དེ་ཁའི་མི་ཚུ་ལུ་ ཕྱགས་སྙིགས་ ཧོད་ནང་བཀོ་བཅུག་ནི་མེད་ཟེར་ཨིནམ་ད་ དེ་ཡང་ ཕྱགས་སྙིགས་གང་བའི་སྐབས་ བཏོན་འབག་མི་མེད་པར་ མོ་གི་ཁྱིམ་ནང་ ལྷོད་ནི་དེ་གིས་ཨིན་པས། 
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ལུ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཅིག་ དགོ་པའི་སྐོར་ལས་ རྒེད་འོག་བརྒྱུད་དེ་ གྲོས་གཞི་བཙུགས་རུང་ མ་གནང་ནི་དེ་གིས་ ཐབས་མེད་པར་ འཁོར་ལམ་འོག་ལུ་བཀོ་དོ་ཟེར་ཨིནམ་ད་ དེ་ནང་བཀོ་སྟེ་ ལོ་མང་རབས་ཅིག་སོངམ་ལས་ ཕྱགས་སྙིགས་ཊཱག་ལས་བཅད་དེ་ སྤུངས་ཡོདཔ་ མཐོངམ་ཨིན་པས།
སྟོད་པའི་རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེའི་སྐོར་ལས་གྲོས་གཞི་ རྫོང་ཁག་ལུ་ བཙུགས་ཡོདཔ་ལས་ ལན་གསལ་འཐོབ་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཤེས་རབ་བཟང་མོ་གིས་ འབད་བ་ཅིན་ རྒེད་འོག་ནང་ ཕྱགས་སྙིགས་ཚུ་བཀོ་སའི་ ས་ཁོངས་ངོས་འཛིན་འབད་ནི་ལུ་ གཙོ་བོར་བཏོན་རུང་ རྒེད་འོག་ནང་ སྒེར་ས་ཙང་ཙ་ཨིནམ་ལས་ ས་ཁོངས་བཟོ་ནིའི་ འོས་འབབ་མི་མཐོང་མས་ཟེར་ཨིན་པས།
ཨིན་རུང་ ཁྲོམ་ཁར་ ཕྱགས་སྙིགས་མར་ཕབ་རྐྱབ་ནིའི་དོན་ལུ་ རྒེད་འོག་དང་ ཡན་ལག་སྨན་ཁང་༢ ཀྱིས་ མཉམ་རུབ་ཐོག་ལས་ ཟླ་རིམ་བཞིན་དུ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་ ལས་རིམ་འགོ་འདྲེན་འཐབ་ནི་ཡོད་ཟེར་ཨིནམ་ད་ དེ་བཟུམ་གྱི་ ལས་རིམ་དེ་ འཕྲིན་ལས་སྒང་སློབ་གྲྭ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དཀའ་ངལ་དེ་ ལོད་སྦིས་ས་ཁྲོམ་ཁར་ཡང་ཡོདཔ་ད་ ཁྲོམ་ནང་ལས་ཐོན་པའི་ཕྱགས་སྙིགས་ བསྡུ་བསྒྱོམ་འབད་མི་མེདཔ་ལས་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ཕད་ཙེ་ནང་བཀང་སྟེ་ རང་སོའི་ ཁྱིམ་གྱི་གདོང་ཁར་ བཞག་དོ་ཡོདཔ་ཨིན་པས།
ཟླཝ་༣ གྱི་ཧེ་མ་འབད་བ་ཅིན་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྤུ་ན་གཙང་ཆུ་ལས་འགུལ་གྱི་ སྣུམ་འཁོར་འོང་ཡོདཔ་ཨིན་རུང་ བར་སྐབས་ཅིག་ལས་ འོང་མ་བཏུབ་ཨིན་པས།
ཧེ་མ་འབད་བ་ཅིན་ ཁྲོམ་ཁ་ལས་ཐོན་པའི་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ འཕྲུལ་གླང་ཊེག་ཊར་ཚུ་གིས་ སྐྱེལ་ལེན་འབད་དོ་ཡོདཔ་ཨིན་རུང་ ལས་འགུལ་གྱིས་ བསྡུ་བསྒྱོམ་འབད་ནི་ འགོ་བཙུགས་ནི་དེ་གིས་ རྫོང་ཁག་གིས་ མ་འབད་ཟེར་ཨིནམ་ད་ ཨིན་རུང་ ད་ལས་ཕར་ ལས་འགུལ་གྱིས་མ་འབད་བ་ཅིན་ ཁྲོམ་སྡེའི་ཧོངས་ལས་ ཐབས་ལམ་བཏོན་དགོཔ་འོང་ཟེར་ རྫོང་ཁག་རང་བཞིན་གནས་སྟངས་འགོ་དཔོན་ རིན་ཆེན་དཔལ་འབྱོར་གྱིས་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲིན་ལས་སྒང་ལུ་ ཕྱགས་སྙིགས་ཀྱི་དཀའ་ངལ་བྱུང་མི་དེ་ འཆར་གཞི་༡༡ པའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་༢ བཙུགས་ཏེ་ཡོདཔ་ལས་ དེ་ཚུ་ ལྷོད་པའི་བསྒང་ལས་ དཀའ་ངལ་ཚུ་ གདོང་ལེན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ད་རེས་ ལོད་སྦིས་ས་དང་ འཕྲིན་ལས་སྒང་མ་རྩིས་བར་ སྤུ་ན་ཁ་ཁྲོམ་གྱི་ ནང་འཁོད་ལས་ར་ ཉིནམ་རེ་ལུ་ ཕྱགས་སྙིགས་ ཊཱེག་ཊར་སྦོམ་རེ་ ཐོན་དོ་ཡོདཔ་ད་ ལོད་སྦྱིས་ས་དང་ འཕྲིན་ལས་སྒང་གི་ འཁོར་ལམ་སྦུག་ལུ་ ཕྱགས་སྙིགས་ཀྱི་ཧོད་༤ དང་༥ དེ་ཅིག་ལས་ བསྡུ་བསྒྱོམ་འབད་བ་ཅིན་ ལེ་ཤ་འཐོན་ནི་ཨིན་པས།
རིན་ཆེན་དཔལ་འབྱོར་གྱིས་འབད་བ་ཅིན་ ས་གནས་དེ་ཁར་ ཧོད་བཞག་མི་ག་ཨིན་ན་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ དེ་ཡང་ ཧོད་བཞག་མི་དེ་གིས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་དེ་ བཀོ་དགོཔ་ཨིན་ཟེར་ སླབ་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment