གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཚབ་མེད་པའི་ཁར་ སོ་ནམ་ཐོན་སྐྱེད་ཀྱི་ རྒུད་འཐུས་ཡང་ ཐོབ་མ་ཚུགསཔ།

༢༣/༧/༢༠༡༢   ༉ ལོ་ངོ་བཅུ་ཕྲག་༡ ལྷགཔ་ཅིག་གི་ཧེ་མར་ སྤ་རོ་ན་རྒྱ་རྒེད་འོག་ བི་ཏི་ཁ་སློབ་གྲྭ་ རྒྱ་བསྐྱེད་འབད་བའི་སྐབས་ ཉེ་འདབས་ཀྱི་ཁྱིམ་གུང་༣ གྱི་ བཟའ་སྤྱོད་འབད་མིའི་ས་ཆ་ཚུ་ སློབ་གྲྭ་ནང་ཚུད་དེ་ ལོ་ངོ་༡༢ དེ་ཅིག་ ལང་སོ་རུང་ ད་ལྟོའི་བར་ན་ཡང་ ས་ཚབ་གནང་ནི་མེདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།


མ་གཞི་ ཁོང་གི་ས་ཆ་ཚུ་ གཞུང་གིས་བཞེས་པའི་སྐབས་ ས་ཚབ་ཚུ་ འབྲུག་གི་སའི་དཔྱད་ཡིག་༡༩༧༩ ཅན་མ་དང་འཁྲིལ་ བྱིན་ནི་སྦེ་ གན་རྒྱ་བཟོ་ཡོདཔ་ཨིན་རུང་ ས་ཚབ་ཀྱི་ ལཱ་འབད་ནི་འགོ་བཙུགས་པའི་སྐབས་ འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འཁྲིལ་དགོ་ཟེར་ ཧེ་མ་ལས་ མི་སེར་ཚུ་གིས་ ངོས་འཛིན་འབད་མི་ ས་ཁོངས་ཚུ་ལས་ ས་ཚབ་བྱིན་མ་བཏུབ་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
སའི་ཁྲིམས་ཡིག་༡༩༧༩ ཅན་མའི་དོན་ཚན་༦.༩ པ་དང་འཁྲིལཝ་ད་ གལ་སྲིད་ ཁྲམ་ཅན་གྱི་ས་ཆ་ གཞུང་ལུ་ ཐུགས་མཁོ་བྱུང་སྟེ་བཞེས་པའི་སྐབས་ ཇོ་བདག་དེ་ ས་ཆ་མེད་པའི་ཉེན་ཁར་ཐུག་པ་ཅིན་ དེ་ལུ་ གཞུང་ལས་ སའི་རྒུད་འཐུས་ ས་རིན་གུ་ ས་ཚབ་ཡང་ རིན་མེད་སྟོང་པར་གནང་དོ་ཡོདཔ་ད་ ཇོ་བདག་གིས་ ས་ཆ་གདམ་ཁ་རྐྱབ་ནི་མེདཔ་ད་ ས་ཚབ་མ་དགོ་པ་ཅིན་ དེ་ལུ་ ས་གཞན་མི་ཐོབ་ཟེར་ ཨིན་པས།
ཉམས་རྒུདཔ་༣ གྱི་གྲས་ལས་ ཨའུ་ཚེ་རིང་གིས་འབད་བ་ཅིན་ ས་དེ་ ཁོ་རའི་གནས་ཚང་གི་ མིང་ཐོ་ཁར་ཡོད་ཟེར་ཨིནམ་ད་ ས་ཆ་ཨེ་ཀར་༡ དང་ ཌིས་༥༥ སློབ་གྲྭ་ནང་ཚུད་ཡོདཔ་ལས་ སྤྱི་ལོ་༢༠༠༤ ཟླ་༡༡ པའི་ཚེས་༢༨ ལུ་ ཁོ་དང་ རྒེད་འོག་གི་བར་ན་ ས་ཚབ་ཚུ་ ཁོ་རའི་གཡུས་ ལམ་གོང་རྒེད་འོག་ ཆུ་ཁ་ལས་སྤྲོད་ནི་སྦེ་ གན་རྒྱ་ཅིག་ཡང་བཟོ་ནུག།
དེ་གི་དོན་ལུ་ འགོ་དཔོན་ཚུ་གིས་ དབྱེ་ཞིབ་ཚུ་ཡང་ མཐིལ་ཕྱིན་འབད་བའི་ཁར་ ཉེ་འདབས་ཀྱི་མི་སེར་དང་ ནགས་ཚལ་ཚུ་ལས་ ཉོགས་མེད་ཡི་གུ་ཚུ་ཡང་ལེན་ཏེ་ སྤྱི་ལོ་༢༠༠༧ ལུ་ ས་ཁྲམ་ལས་ཁུངས་ནང་ བཙུགས་ཡོདཔ་ཨིན་པས།
དེ་ཅིག་བར་ན་ འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མ་ ཆ་འཇོག་གྲུབ་ཡོདཔ་མ་ཚད་ ས་ཁྲམ་ལས་ཁུངས་དེ་ཡང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ བསྒྱུར་བཅོས་འབད་བའི་ཤུལ་ལུ་ ས་ཚབ་དེ་ རྒེད་འོག་གཞན་ཁ་ལས་ སྤྲོད་མ་ཆོགཔ་ལས་ ལོག་བསྐྱར་ཞིབ་འབད་དགོཔ་འདུག་ཟེར་སླབ་སྟེ་ ངོས་ལེན་འབད་མ་བཏུབ་ཟེར་ ཨའུ་ཚེ་རིང་གིས་ སླབ་ཨིན་པས།
འབྲེལ་ཡོད་ལས་སྡེ་ཚུ་ལས་ ཉོགས་མེད་ལག་ཁྱེར་ལེན་ནི་དང་ ས་འཇལ་གྱི་ལཱ་འབད་མི་གིས་མ་ཚད་ ཕར་ཚུར་འགྲོ་འགྲུལ་འབད་དགོཔ་ ལེ་ཤ་ཐོནམ་ལས་ ཟད་འགྲོ་དངུལ་ཀྲམ་༢༥༠,༠༠༠ དེ་ཅིག་ བཏང་དགོཔ་ཐོན་ཡོདཔ་ད་ ད་ལྟོ་ཚུན་ ལོ་ཐོག་གི་ རྒུད་འཐུས་ཚུ་ཡང་ ག་ཅི་ཡང་ ཐོབ་ཐོབ་མེད་ཟེར་ཨིན་པས།
ཨའུ་ཚེ་རིང་གིས་ སླབ་མིའི་ནང་ དེ་གི་ཤུལ་ལས་ སྤྱི་ལོ་༢༠༠༨ ལུ་ རྒེད་འོག་གིས་ རྫོང་ཁག་བརྒྱུད་དེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ རྒེད་འོག་ནང་ གཞུང་ས་སྟོངམ་ རྩ་ལས་ར་ མེད་པའི་སྐོར་ལས་ ཡི་གུ་བཙུགས་རུང་ དེ་ལུ་ཡང་ ངོས་ལེན་ག་ཅི་ཡང་ མ་བྱུང་མི་ལུ་བརྟེན་ ཚར་༢ སྔུ་དགོཔ་ཐོན་པའི་ཤུལ་ལུ་ ད་རེས་འབདཝ་ད་ ཝ་ན་ཁ་ལས་ ས་ཚབ་སྤྲོད་ནི་གི་ དཔའ་བཅམ་མི་ལུ་ལྟ་སྟེ་ རྩ་ལས་ར་ སེམས་མ་དགའ་ཟེར་ཨིན་པས།
ཁོ་གི་ས་ཆ་དེ་ འགྲུལ་འཁོར་ལམ་དང་ སློབ་གྲྭའི་རྩ་བ་འབདཝ་ལས་ རྒེད་འོག་ནང་ ས་དྲག་ཤོས་ཅིག་ ཨིན་ཟེར་ཨིནམ་ད་ ད་རེས་ ས་ཚབ་དེ་ ཧེ་མ་ གཞུང་གིས་ ས་ཆ་བཞེས་པའི་སྐབས་ལུ་བཟོ་ཡོད་པའི་ གན་རྒྱ་དང་འཁྲིལ་ ལམ་གོང་ཆུ་ཁ་ལུ་གནང་རུང་ དེ་ནང་ འགྲུལ་འཁོར་ལམ་ཡང་མེདཔ་ལས་ མ་བཏུབ་ཅིག་ མིན་འདུག་ཟེར་ ཨའུ་ཚེ་རིང་གིས་སླབ་ཅི།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ མི་མང་ཤོས་ཅིག་གིས་ ས་ཚབ་སྤྲོད་ནི་ཚུ་ འབྲུག་གི་སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༡༥༥ པ་དང་འཁྲིལ་ཏེ་ སྤྲོད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ད་ དོན་ཚན་དེ་ནང་ གྲོང་གསེབ་ནང་ སྤྲོད་ནི་ཨིན་པའི་ས་ཚབ་ཀྱི་ ས་གནས་དེ་ གཡུས་ཚན་དང་ རྒེད་འོག་ རྫོང་ཁག་གི་ གོ་རིམ་དང་འཁྲིལ་ཏེ་ སྔོན་ཐོབ་བརྩི་འཇོག་ཐོག་ལས་ སྤྲོད་དགོ་ཟེར་ བཀོད་དེ་ཡོདཔ་ཨིན་པས།
དེ་ལུ་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་ཚབ་ཚུ་སྤྲོདཔ་ད་ བཅའ་ཁྲིམས་ཀྱི་དོན་ཚན་༡༥༦ པ་དེ་ལུ་ མི་ལྟ་བས་ཟེར་སླབ་དོ་ཡོདཔ་ད་ དོན་ཚན་དེ་ནང་འབད་བ་ཅིན་ སའི་ཇོ་བདག་ལུ་ གཞུང་གིས་བཞེས་པའི་ ས་དང་མཉམ་པའི་ འོས་ལྡན་གྱི་ས་ཚབ་གནང་དགོ་ཟེར་ བཀོད་ནུག།
ས་ཆ་ཨེ་ཀར་༡ དང་ ཌི་སི་མཱལ་༡.༣༢ བི་ཏི་ཁ་སློབ་གྲྭ་ནང་ཚུད་མི་ རྒཔོ་བགྲེསཔ་ རྡོ་ཕུག་གིས་འབད་བ་ཅིན་ ས་ཆ་དེ་ གཞུང་བཞེས་འབད་བའི་ཤུལ་ལུ་ ས་ཚབ་ཚུ་ ག་ཏེ་ལས་འཚོལ་རུང་ བཏུབ་ཟེར་ སླབ་མི་ལུ་བརྟེན་ ཁོ་གིས་ ཕུན་ཚོགས་གླིང་ མཁར་པཱན་ཌི་ལུ་ གཞུང་ས་ཅིག་ ངོས་འཛིན་འབད་ཡོད་རུང་ མི་བཏུབ་ཟེར་ སླབ་མི་ལུ་བརྟེན་ ལོག་སྟེ་ བཙན་ཏོ་ངེས་ཅན་ཕུག་ལུ་ གཞུང་ས་ཅིག་ངོས་འཛིན་འབད་དེ་ རྫོང་ཁག་གིས་ དབྱེ་ཞིབ་དང་ ཉོགས་མེད་ལག་ཁྱེར་ཚུ་དང་སྦྲགས་ཏེ་ ས་ཁྲམ་ལས་ཁུངས་ལུ་ ཕུལ་ཡི་ཟེར་ཨིན་པས།
ཨིན་རུང་ ད་རུང་ བཏུབ་དང་མ་བཏུབ་ཀྱི་ ལོ་རྒྱུས་ལེ་ཤ་ཅིག་ར་སླབ་སྟེ་ གྲུབ་འབྲས་ཅིག་ ག་ཅི་ཡང་ བྱུང་མ་ཚུགས་པའི་ཁར་ ལོ་ཐོག་བཏབ་ནི་མེདཔ་མ་ཚད་ ས་ཁྲལ་ཡང་ ཁོ་རང་གིས་ར་ བཏབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འདས་པའི་བདུན་ཕྲག་ནང་ ཀུན་གསལ་གྱིས་ གནས་ཚུལ་ཅིག་ བྲིས་མིའི་ནང་ རྫོང་ཁག་གིས་ ངོས་འཛིན་འབད་མི་ས་ཆ་ཚུ་ མི་སེར་ཚུ་གིས་ ངོས་ལེན་འབད་མི་བཏུབ་པས་ཟེར་ བཀོད་དེ་ཡོད་མི་དེ་ མ་བདེན་མི་དེ་ཡང་ རྫོང་ཁག་དང་ རྒེད་འོག་གིས་ ཁོང་གི་ ས་ཚབ་འཚོལ་ནི་ལུ་ ཆ་རོགས་འབད་འབདཝ་ མེད་ཟེར་ཨིན་པས།
ཉམས་རྒུདཔ་ཅིག་གིས་འབད་བ་ཅིན་ གཞུང་གིས་ དེ་བཟུམ་མའི་ མི་སེར་ཚུ་ལུ་ བརྡབ་གསིག་སྦོམ་སྦེ་ར་ རྐྱབ་དོ་ཡོདཔ་ལས་ ད་ལས་ཕར་ འདྲ་མཉམ་དང་དྲང་བདེན་ཡོདཔ་ཅིག་ བཟོ་གནང་པ་ཅིན་ མ་འོངས་པ་ལུ་ཡང་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ནི་མས་ཟེར་སླབ་ཅི།
དེ་ཚེ་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ཁོང་ཉམས་རྒུདཔ་ཚུ་ འབོ་ཐོག་ལས་ ཧང་སྟོང་མར་ རྫོང་ཁག་གིས་ རྩོད་ཉོགས་ཅན་གྱི་ ཝ་ན་ཁའི་གཞུང་ས་དེ་ འཇལ་ཞིནམ་ལས་ ཁོང་ལུ་ ས་ཚབ་བྱིན་ནི་གི་ དཔའ་བཅམ་རུང་ ད་ལྟོ་ ཡིག་ཆས་ཚུ་གུ་ ས་ཡིག་ཡང་ མ་རྐྱབ་པར་ཡོད་ཟེར་ གཡུས་མི་ཅིག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༩ ལུ་ རྫོང་ཁག་གིས་ ས་ཆ་གཞུང་བཞེས་འབད་མི་ལུ་བརྟེན་ ད་ལྟོ་ཚུན་ སོ་ནམ་ཐོན་སྐྱེད་འབད་ནི་ལུ་ ཐོ་ཕོག་པའི་ རྒུད་འཐུས་སྤྲོད་ནིའི་དོན་ལུ་ ཚོད་རྩིས་ཅིག་བཏོན་ཏེ་ རྫོང་ཁག་ལུ་ ཕུལ་དགོཔ་སྦེ་ སླབ་མི་དང་འཁྲིལ་ ཚོད་རྩིས་ཚུ་ རྫོང་ཁག་ནང་བཙུགས་ཅི་ཟེར་ གཡུས་མི་ཅིག་གིས་སླབ་ཅི།
དེ་ལས་ སྤྱི་ལོ་༢༠༡༡ ལུ་ ད་རུང་ རྫང་ཁག་གིས་ རྒུས་འཐུས་དགོ་པ་ཅིན་ མི་སེར་ཚུ་ལས་ ངག་བརྗོད་དགོ་ཟེར་ སླབ་ཡོདཔ་ལས་ དེ་ཡང་ ཕུལ་ཡོད་རུང་ ད་ལྟོའི་བར་ན་ཡང་ ག་ཅི་ཡང་ ཐོབ་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment