གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་ཡོད་རུང་ ལེགས་བསྒྱུར་མེདཔ།

༢༡/༧/༢༠༡༢   སྤོས་དཀར་ཤིང་གི་ མི་སེར་ཚུ་གིས་འབད་བ་ཅིན་ ཁང་ཁྲལ་དང་ ས་ཁྲལ་ཚུ་ ཁྲོམ་གཞན་བཟུམ་སྦེ་ར་ བཏབ་དགོཔ་ཨིན་རུང་ གོང་འཕེལ་ལས་སྣ་ཚུ་ འགོ་བཙུག་ནི་མིན་འདུག་ཟེར་ ཉོགས་བཤད་བཀོདཔ་ཨིན་པས།

༉ ལོ་ངོ་༡ དེ་ཅིག་གི་ཧེ་མར་ ཕུན་ཚོགས་གླིང་རྒེད་འོག་གི་འོག་ལུ་ཨིན་མི་ སྤོས་དཀར་ཤིང་གི་ མི་སེར་ཚུ་ལུ་ ཁོང་ཆ་ཁྱབ་ ཕུན་ཚོགས་གླིང་ཁྲོམ་སྡེའི་འོག་ལུ་ ཚུད་ནི་ཨིནམ་ལས་ ཁོང་གི་གཡུས་ཚན་ནང་ གོང་འཕེལ་གྱི་ ལས་སྣ་གསརཔ་དང་ མཐུན་རྐྱེན་ཚུ་ ཐོབ་སྤྱོད་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ སླབ་མི་ལུ་བརྟེན་ མི་སེར་ཚུ་ སེམས་དགའ་ཡོདཔ་ཨིན་པས།
ད་ལྟོ་ ཁྲོམ་སྡེའི་མཐུན་རྐྱེན་དང་ གོང་འཕེལ་ལས་སྣ་ག་ཅི་ཡང་ འགོ་མ་བཙུགས་པར་ མཐའ་ཟུར་རྒེད་འོག་གཞན་ཚུ་དང་ དབྱེ་བ་མེདཔ་སྦེ་ ལུས་ཡོད་མི་ སྤོས་དཀར་ཤིང་གཡུས་ཚན།


རྒེད་འོག་གི་ བཅད་མཚམས་མཇུག་བསྡུ་སྟེ་ ད་རིས་འབདཝ་ད་ ལོ་༢ དེ་ཅིག་སོང་ཡོདཔ་མ་ཚད་ ཁོང་གི་ གཡུས་ཚན་དེ་ ཁྲོམ་སྡེའི་འོག་ལུ་ ཚུད་ཡོད་རུང་ གོང་འཕེལ་གྱི་ ལས་སྣ་དང་ ཡང་ཅིན་ མཐུན་རྐྱེན་ལ་སོགས་པ་ མཐོང་གསལ་བྱུང་ནི་ཕར་བཞག་ འཐུང་ཆུ་བཀྲམ་སྤེལ་ཚུལ་ལྡན་ཅིག་མེདཔ་མ་ཚད་ ཞིང་ལམ་དང་ ཡང་ཅིན་ ཁྱིམ་གསརཔ་རྐྱབ་ནི་ ག་ནི་ཡང་མིན་འདུག་ཟེར་ གྲོང་གཡུས་མི་ཚུ་གིས་ བཤདཔ་ཨིན་པས།
ཧེ་མར་ ཏོ་རི་བ་རི་ཟེར་སླབ་མི་ སྤོས་དཀར་ཤིང་གཡུས་ཚན་དེ་ ཕུན་ཚོགས་གླིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༤ དེ་ཅིག་གི་ས་ཁར་ཡོད་པའི་ཁར་ དེ་ནང་ ཁྱིམ་གུང་༣༥ དེ་ཅིག་ གཞིས་ཆགས་ཏེ་ཡོདཔ་ཨིན་པས།
གྲོང་གཡུས་མི་སེར་ཚུ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ནང་ ཚུད་པའི་བསྒང་ལས་ ཁྲོམ་གྱི་མཐུན་རྐྱེན་གཅིག་མཚུངས་མཁོ་སྤྲོད་འབད་དགོཔ་ཨིན་རུང་ སྤོས་དཀར་ཤིང་གི་ཐད་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་ཡིག་ཚང་གིས་ ཞབས་ཏོག་ག་ནི་ཡང་ མཁོ་སྤྲོད་འབད་འབདཝ་མེད་པའི་ ས་ཁྲལ་ཚུ་ ཁྲོམ་སྡེ་གཞན་ཚུ་དང་ ཅོག་འཐདཔ་སྦེ་ སྤྲོད་དགོ་ནི་དེ་གིས་ ཁོང་ཁྲོ་ལང་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་ གཡུས་ཚན་ནང་ ལེགས་བསྒྱུར་ག་ནི་ཡང་མེད་རུང་ ཁྲོམ་སྡེ་དང་ དབྱེ་བ་མེདཔ་སྦེ་ ཁྲལ་ཚུ་བཏབ་དགོཔ་ལས་ ཁེ་རྒུད་རྩ་ལས་ར་ མི་བཏུབ་པས་ཟེར་ གྲོང་གསེབ་མི་སེར་ཅིག་གིས་ སླབ་ཨིན་པས།
ད་རུང་ ས་གནས་ཀྱི་ མི་སེར་ལེ་ཤ་ཅིག་གིས་འབད་བ་ཅིན་ ཁོང་རའི་ས་ཆ་ནང་ ཁྱིམ་རྐྱབ་ནི་གི་ མནོ་བསམ་ཡོད་རུང་ ཁྲོམ་སྡེའི་ཁ་ཐུག་ལས་ ས་ཁོངས་དེ་ འཆར་གཞི་ཚུལ་མཐུན་ཐོག་ གོང་འཕེལ་གཏང་དགོཔ་ཡོད་ཟེར་ རྒྱུ་མཚན་བཤད་དེ་ ཁྱིམ་རྐྱབ་མི་བཅུག་པས་ཟེར་ཨིན་པས།
ང་བཅས་ལུ་ གོང་འཕེལ་གྱི་ འཆར་གཞི་ཚུ་ བརྩམས་ཞིནམ་ལས་རྐྱངམ་གཅིག་ ཁྱིམ་རྐྱབ་ཆོག་པ་ཅིན་ ཞབས་ཏོག་དང་ མཐུན་རྐྱེན་ག་ནི་ཡང་མེད་པར་ ག་ཅི་སྦེ་ ཁྲལ་བཀལཝ་ཨིན་ན་ཟེར་ སོ་ནམ་པ་ ས་བི་ཏ་ར་ མོང་སྒར་གྱིས་ བཤད་པའི་ཁར་ ཁྱིམ་ཅིག་ལུ་ ཁང་ཁྲལ་དངུལ་ཀྲམ་༡༠༠ བཏབ་དགོཔ་སྦེ་སླབ་ད་ མོ་ རྣམ་རྟོག་ལང་དགོཔ་ བྱུང་ཡི་ཟེར་ སླབ་ཨིན་པས།
སོ་ནམ་པ་ ཀུ་བིར་ག་ལེ་གིས་འབད་བ་ཅིན་ སྤོས་དཀར་ཤིང་ཁྲོམ་སྡེའི་ནང་ཡོད་རུང་མེད་རུང་ དོག་མ་ཤིང་དང་ མཐའ་ཟུར་རྒེད་འོག་གཞན་ཚུ་བཟུམ་སྦེ་ ནགས་ཤིང་ཚུ་གིས་ མཐའ་བསྐོར་ཏེ་ཡོདཔ་ལས་ མི་སེར་ཚུ་གི་སྣང་བ་ལུ་ ཧེ་མ་བཟུམ་སྦེ་ ཕུན་ཚོགས་གླིང་རྒེད་འོག་གི་འོག་ལུ་ བཞག་ཡོད་པ་ཅིན་ འཁོར་ལམ་ཅིག་ བཏོན་ནི་དང་ མཐའ་ཟུར་གྱི་ མཐུན་རྐྱེན་ཚུ་ བཙུག་གནང་ཟེར་ གྲོས་འཆར་ཕུལ་ཚུགས་ནི་མས་ཟེར་ཨིན་པས།
ད་རུང་ ཁོང་མི་སེར་ཚུ་ལུ་ ཁྱིམ་རྐྱབ་ནི་གི་ གནང་བ་འཐོབ་ནི་མེད་རུང་ ས་གནས་ལུ་ བཟོ་གྲྭ་འཕྲུལ་ཁང་ལེ་ཤ་ཅིག་ གཞི་བཙུགས་འབད་སར་ མཐོང་གསལ་བྱུང་མི་དེ་ཡང་ ཨོམ་བཟོ་སྦྱོར་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་མ་ཚད་ སྨན་བཟོ་འཕྲུལ་ཁང་ཅིག་ བཟོ་སྐྲུན་འབད་བའི་བསྒང་དང་ ཆང་བི་ཡར་འཕྲུལ་ཁང་ཅིག་ཡང་ བཙུག་ནི་ཨིནམ་ལས་ ཁོང་གིས་ གནང་བ་ཐོབ་ཚུགསཔ་ད་ ང་བཅས་ལུ་ ག་ཅི་སྦེ་ མ་གནངམ་ཨིན་ན་ཟེར་ སྐྱེས་ལོ་༥༣ ལང་མི་ ཅཱན་ད་ར་བྷ་དུར་གྱིས་ ཉོགས་བཤད་བཀོདཔ་ཨིན་པས།
སྤོས་དཀར་ཤིང་ཁྲོམ་སྡེའི་འཐུས་མི་ ཏིར་ཐ་མ་ཡ་མོང་སྒར་གྱིས་ སླབ་མིའི་ནང་ མི་སེར་ཚུ་ལས་ ཁོང་གི་ གཡུས་ཚན་ནང་ གོང་འཕེལ་ལས་སྣ་ག་ནི་ཡང་ འགོ་བཙུག་ནི་མེད་པའི་ཁར་ ཁྱིམ་རྐྱབ་ནི་གི་ གནང་བ་བྱིན་བྱིནམ་མེད་རུང་ ཁྲོམ་གྱི་ས་ཁྲལ་ ས་ཆ་ཌེ་སི་མཱལ་རེ་ལུ་ དངུལ་ཀྲམ་༡༢.༥༠ རེ་སྤྲོད་དགོ་པའི་སྐོར་ ཉོགས་བཤད་ཚུ་ ཐོབ་བཞིན་དུ་ཡོད་ཟེར་ཨིན་པས།
ཁྲོམ་སྡེ་ལུ་སླབ་ད་ སྤོས་དཀར་ཤིང་གི་དོན་ལུ་ ས་ཁོངས་འཆར་གཞི་གྲ་སྒྲིག་མ་འགྱོ་བར་ཡོདཔ་ལས་ གོང་འཕེལ་གྱི་ ལས་སྣ་དང་ ཡང་ཅིན་ མཐུན་རྐྱེན་ཚུ་ ག་ནི་ཡང་ འགོ་བཙུགས་ཐབས་མེདཔ་སྦེ་ སླབ་མས་ཟེར་ མོ་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ གནད་དོན་དེ་གི་སྐོར་ལས་ དྲན་གསོ་འབདཝ་ད་ར་ འདི་བཟུམ་མའི་ ཧད་འཕུལ་བཞག་མི་ལུ་བལྟ་སྟེ་ བསུན་ར་བསུན་ཆི་ཡི་ཟེར་ ཨིན་པས།
ཏིར་ཐ་མ་ཡ་མོང་སྒར་གྱིས་འབད་བ་ཅིན་ ཞིང་ལམ་བསལ་ནི་དང་ འཐུང་ཆུ་བཏོན་ནི་ དེ་ལས་ ཁྱིམ་རྐྱབ་ནི་གི་དོན་ལུ་ གནང་བ་གནང་དགོ་པའི་ གྲོས་འཆར་ལན་ཐེངས་གསུམ་ ཁྲོམ་སྡེ་ཚོགས་འདུ་ནང་ བཙུགས་རུང་ གྲོས་བསྡུར་འབད་ནི་ཕར་བཞག་ གྲོས་གཞི་ནང་ར་ གསལ་བཀོད་མ་འབད་བས་ཟེར་ཨིན་པས།
ཁྲོམ་སྡེའི་འཆར་གཞི་གཙོ་འཛིན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མི་སེར་གྱིས་ ཉོགས་བཤད་བཀོད་རུང་ མ་བཀོད་རུང་ ས་ཁོངས་འཆར་གཞི་གྲ་སྒྲིག་དང་ ཁྲོམ་གྱི་གཞི་བཀོད་མེདཔ་ལས་ ཁོང་ལུ་ འབད་ཐབས་ག་ནི་ཡང་མེད་ཟེར་ཨིནམ་ད་ ཨིན་རུང་ ཁྲོམ་གྱི་ས་ཁོངས་འཆར་གཞི་དེ་ དུས་ཅིའི་ལོ་མཇུག་བསྡུཝ་ད་ འགོ་བཙུག་ནི་གི་ འཆར་གཞི་བརྩམ་དོ་ཡོདཔ་ལས་ འཆར་གཞི་གྲ་སྒྲིག་ཐོག་ ལག་ལེན་འཐབ་ནིའི་ནང་ དུས་ཡུན་ལོ་ངོ་༢ དེ་ཅིག་ འགོར་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སེར་ལས་ ཁྲལ་བསྡུ་ལེན་འབད་མི་དེ་གིས་ ཤུལ་ལས་ གོང་འཕེལ་འཆར་གཞི་ཚུ་ ལག་ལེན་འཐབ་ད་ གོང་འཕེལ་ལས་སྣ་ཚུ་ལུ་ མ་དངུལ་བརྒྱ་ཆ་༡༠༠ གཞུང་ལས་ མི་གནང་ནི་ཨིནམ་ལས་ ཁྲལ་གྱི་འོང་འབབ་ཚུ་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནིའི་ནང་ ལག་ལེན་འཐབ་ནི་ཨིནམ་ལས་ མི་སེར་ཁོང་ར་ལུ་ར་ ཕན་ཁྱད་འབྱུང་འོང་ཟེར་ཨིན་པའི་གནས་ཚུལ།
གནས་ཚུལ་སྐྱེལ་མི་ དབྱངས་ཅན་སི་རིག་འཛིན།

No comments:

Post a Comment