གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་ཚུ་ ལོག་སྟེ་ར་ རིན་བསྡུར་ལམ་ལུགས་ཐོག་ལས་ བཙོང་དོ་ཡོདཔ།

༢༡/༧/༢༠༡༢   ལུང་ནག་ནང་ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་འབུམ་༡༢,༢༠,༠༠༠ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིན་པས།

༉ འདས་པའི་ལོ་ནང་ དབྱར་རྩྭ་དགུན་འབུབ་བཙོང་མི་དང་ ཉོ་མི་ཚུ་ ཐད་ཀར་དུ་ཕྱད་དེ་ ཚོང་འབྲེལ་འཐབ་ནིའི་ ལམ་ལུགས་ གསརཔ་ཅིག་ འགོ་བཙུགས་ཡོདཔ་ཨིན་རུང་ དེ་ལུ་ ཉོ་བཙོང་འཐབ་མི་༢ ཆ་རའི་ཧོངས་ལས་ ངོས་ལེན་ལེགས་ཤོམ་ མ་བྱུང་མི་ལུ་བརྟེན་ དུས་ཅི་ལས་ ད་རུང་ གཞུང་གིས་ རིན་བསྡུར་ཐོག་ལས་ བཙོང་ནིའི་ལམ་ལུགས་དེ་ ལོག་སྟེ་ འགོ་བཙུགས་ཡོདཔ་ཨིན་པས།
དབྱར་རྩ་དགུན་འབུབ་ རིན་བསྡུར་འབད་བའི་བསྒང་།


མ་གཞི་ རིན་བསྡུར་ཚུ་ སྤྱི་ལོ་༢༠༡༠ ཚུན་ སོ་ནམ་ལྷན་ཁག་འོག་གི་ ད་རེས་ སོ་ནམ་ཐོན་སྐྱེད་ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ལུ་ བསྒྱུར་བཅོས་འབད་མི་ སོ་ནམ་ཚོང་འབྲེལ་ཞབས་ཏོག་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ དུས་ཅི་ལས་ ལས་ཁུངས་ཀྱིས་ རིན་བསྡུར་འགོ་འདྲེན་འཐབ་ནི་དེ་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ད་རེས་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ འབུབ་ཀྱི་སྤུས་ཚད་མ་འདྲཝ་འབད་མི་ཚུ་ སྡེ་ཚན་བཟོ་སྟེ་ ཉོ་མི་ཚུ་གི་ གདོང་ཁར་བཏོན་ཐོག་ལས་ རིན་བསྡུར་འབད་ཡོདཔ་ད་ སྐྱེས་ལོ་༥༠ ལང་མི་ ནཱ་རོ་ལས་ བསྟན་འཛིན་གྱིས་འབད་བ་ཅིན་ ཁོ་བཟུམ་མའི་ གཡུས་མི་ཚུ་གི་དོན་ལུ་ ལམ་ལུགས་དེ་ ལེགས་ཤོམ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འགོ་འདྲེན་འཐབ་མི་ རིན་བསྡུར་ལམ་ལུགས་དེ་ ཧེ་མ་ སོ་ནམ་ཚོང་འབྲེལ་ཞབས་ཏོག་འབད་མི་ ལམ་ལུགས་དང་ཕྱདཔ་ད་ དྲག་པས་ཟེར་ཨིནམ་ད་ དེ་ཡང་ འགོ་དཔོན་ཚུ་གིས་ གྲོང་མི་ཚུ་ལས་ འབུབ་ཚུ་ལེན་ཏེ་ རིན་བསྡུར་ནང་ བཙུགས་པའི་ཁར་ ལྗིད་ཚད་འཇལ་ནི་དང་ ཏི་རུ་རྩིས་རྐྱབ་ནི་ཚུ་ཡང་ ཁོང་ར་གིས་ འབད་བྱིན་དོ་ཡོདཔ་ལས་ ག་རཱམ་ནང་ ལྗིད་ཚད་འཇལ་མ་ཤེས་མི་དང་ ཏི་རུ་རྩིས་རྐྱབ་མ་ཤེས་མི་ཚུ་ལུ་ ཉེན་ཁ་དང་ ཚ་གྱང་ག་ཅི་ཡང་ མེད་ནི་དེ་གིས་ཨིན་པས།
གཡུས་མི་གཞན་ཅིག་གིས་ སླབ་མིའི་ནང་ ཉོ་མི་དང་ བཙོང་མི་༢ གཅིག་ཁར་ཕྱད་དེ་ ཚོང་འབྲེལ་འཐབ་ནིའི་ལམ་ལུགས་ནང་ རང་སོའི་ འབུབ་ཀྱི་སྤུས་ཚད་དང་འཁྲིལ་ཏེ་ གོང་རྐྱབ་ཚུགས་དོ་ཡོདཔ་ཨིན་རུང་ ད་རེས་ཀྱི་ལམ་ལུགས་ནང་ འབུབ་ཚུ་ སྡེ་ཚན་སྦེ་བཟོ་སྟེ་ བཙོང་བའི་བསྒང་ལས་ གཅིག་ལུ་བརྟེན་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགས་པ་ཅིན་ གཞན་ཚུ་ཡང་ གོང་ཚད་དེ་གུ་ར་ བཙོང་དགོ་པས་ཟེར་ཨིན་པས།
གླིང་བཞི་དགའ་ཡུལ་ལས་ སྐྱེས་ལོ་༥༩ ལང་མི་ བསོད་ནམས་ཀྱིས་འབད་བ་ཅིན་ ཁོ་གིས་ དབྱར་རྩྭ་དགུན་འབུབ་ ག་རཱམ་ག་དེམ་ཅིག་ བཙོང་ཡོདཔ་ཨིན་ན་ མ་ཤེས་རུང་ དངུལ་ཀྲམ་འབུམ་༡༤༠,༠༠༠ ཐོབ་ཅི་ཟེར་ཨིནམ་ད་ འབུབ་ཚུ་ ན་ཧིང་དང་ཕྱདཔ་ད་ དུས་ཅི་དྲགཔ་སྦེ་ ཐོབ་ཚུགས་ཅི་ཟེར་ཨིན་པས།
ན་ཧིང་ རི་ཁ་ལུ་ འབུབ་ཀྱི་ཐོན་སྐྱེད་ལེགས་ཤོམ་མེད་པའི་གུ་ གོང་ཚད་ཡང་ ལེགས་ཤོམ་ཐོབ་མ་ཚུགས་ཟེར་ཨིནམ་ད་ ཁོ་གི་འབུབ་ཚུ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ བཙོང་ཚར་ཡོདཔ་ཨིན་རུང་ ཁོ་རའི་ཁྱིམ་ནང་ རྒྱགས་སྐལ་མཁོ་སྒྲུབ་འབད་དེ་ འབག་ནིའི་དོན་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།
སོ་ནམ་ཐོན་སྐྱེད་ ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་ལས་ ཚོང་འབྲེལ་འགོ་དཔོན་འོག་མ་ ཀརྨ་བསྟན་འཛིན་གྱིས་ ད་ལྟོ་ཚུན་ བུམ་ཐང་དང་ དབང་འདུས་ཕོ་བྲང་ མགར་ས་ དེ་ལས་ ཐིམ་ཕུ་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ རིན་བསྡུར་འབད་མི་དང་ཕྱདཔ་ད་ ལུང་ནག་ནང་ལུ་ འབུབ་ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་འབུམ་༡༢,༢༠,༠༠༠ ཐོབ་མི་དེ་ གོང་ཚད་མཐོ་ཤོས་ཅིག་ ཨིན་ཟེར་སླབ་ཅི།
འབུབ་རིན་བསྡུར་འབད་བའི་སྐབས་ མི་སེར་ཚུ་གིས་ གཞུང་ལུ་ ག་ཅི་ཡང་ ཕུལ་དགོཔ་མེད་རུང་ ཉོ་མི་ཚུ་གིས་ གཞུང་ཁྲལ་ཡང་ བཏབ་དགོ་པའི་ཁར་ ཞབས་ཏོག་གི་འཐུས་ རིན་བསྡུར་ཡོངས་བསྡོམས་ལས་ དངུལ་ཀྲམ་༠.༦༥ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ སྤྲོད་དགོཔ་ཨིན་ཟེར་ ཀརྨ་བསྟན་འཛིན་གྱིས་སླབ་ཅི།
ཁོ་གིས་སླབ་མིའི་ནང་ མི་སེར་ལ་ལུ་ཅིག་གིས་ འབུབ་བཙོང་པར་འབག་འོངམ་ད་ འབུབ་ཆག་སོ་མི་ཚུ་ རྩང་དུམ་དང་ སྤྱིན་ སུ་པར་གུ་ལུ་ཚུ་ ལག་ལེན་འཐབ་ཐོག་ལས་ མཐུད་དེ་འབག་འོང་མི་ཡང་ ཐོན་དོ་ཡོདཔ་ལས་ དེ་གིས་ ཚོང་ལམ་ལུ་ གནོད་ཉེན་ཡོད་ཟེར་ཨིན་པས།
འབུབ་ཉོ་མི་ཅིག་གིས་ སླབ་མིའི་ནང་ མ་གཞི་ ཁོ་གིས་ ཕྱི་རྒྱལ་ལས་ མཁོ་འདོད་བཀོད་མི་དང་འཁྲིལ་ འབུབ་ཀེ་ཇི་༨༠ དེ་ཅིག་ ཉོ་ནིའི་དམིགས་གཏད་ བསྐྱེདཔ་ཨིན་རུང་ ད་ལྟོ་ཚུན་ ཀེ་ཇི་༢༠ དེ་ཅིག་ལས་ ཐོབ་མ་ཚུགས་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་ དངུལ་ཐོག་སྡེ་ཚན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་འོག་མ་ སངས་རྒྱས་དབང་འདུས་ཀྱིས་འབད་བ་ཅིན་ ཁ་ཙ་ ཐིམ་ཕུ་ལུ་ དབྱར་རྩྭ་དགུན་འབུབ་ ག་དེམ་ཅིག་ བཙོང་ཡོདཔ་ཨིན་ནའི་སྐོར་ལས་ ཡོངས་སྡོམས་རྩིས་ཁྲ་ བཏོན་མ་ཚུགས་རུང་ འབུབ་ཀེ་ཇི་རེ་ལུ་ གོང་ཚད་མཐོ་ཤོས་ དངུལ་ཀྲམ་༩༤༢,༠༠༠ རེ་སྦེ་ བཙོང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment