བརྡལ་བཤིག་གཏང་ནི་ཨིན་མི་ མིག་གློག་བརྙན་ཁང་། |
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ མིག་གློག་བརྙན་ཁང་ བཟོ་སྐྲུན་འབད་དེ་ཡོད་པའི་ ས་ཆ་དེ་ ཕྱི་འབྲེལ་བློན་པོ་ ཚེ་འདས་པདྨ་དབང་ཕྱུག་གི་ཨིན་མས་ཟེར་ སླབ་ཡོདཔ་ད་ ཁོ་གི་ས་ཆ་དེ་ ཨ་ལུ་༥ ལུ་ བགོ་བཤའ་རྐྱབ་སྟེ་ བྱིན་ཚར་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ད་ལྟོ་ཡོད་མི་ གློག་བརྙན་ཁང་གི་ ས་ཁོངས་དེ་ནང་ ཚོང་ཁང་བཟོ་སྐྲུན་འབད་ནི་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མིག་གློག་བརྙན་ཁང་གི་ ས་ཆ་དེ་ སྒེར་གྱི་ས་ཆ་ཨིནམ་ལས་བརྟེན་ ཁོང་ལུ་ ག་ཅི་ཡང་སླབ་ནི་གི་ དབང་ཚད་མིན་འདུག་ཟེར་ཨིནམ་ད་ ཁོང་གིས་ གྲོས་འཆར་བཙུགས་མི་དང་འཁྲིལ་བ་ཅིན་ གློག་བརྙན་ཁང་ བརྡལ་བཤིག་གཏང་ནི་མ་གཏོགས་ འབད་ཐབས་གཞན་མེད་ཟེར་ཨིན་པས།
མིག་གློག་བརྙན་ཁང་གི་ འཛིན་སྐྱོང་པ་ དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་བརྙན་ཁང་དེ་ སྤྱི་ལོ་༡༩༦༤ ལུ་ འགོ་བཙུགས་ནུག་ཟེར་ཨིནམ་ད་ འབྲུག་པའི་གློག་བརྙན་ ལེགས་ཤོམ་ཡོད་པ་ཅིན་ གློག་བརྙན་བལྟ་མི་ ལེ་ཤ་འོང་དོ་ཡོདཔ་ཨིན་རུང་ གློག་བརྙན་ལེགས་ཤོམ་མེད་པ་ཅིན་ བལྟ་མི་ཡང་ ཉུང་མས་ཟེར་ཨིན་པས།
མིག་གློག་བརྙན་ཁང་གི་ སྒྲིང་ཁྱིམ་དེ་ རྙིངམ་ཐལ་སོ་ནི་དེ་གིས་ སྒྲིང་ཁྱིམ་གྱི་ ཇོ་བདག་གིས་ བརྡལ་གཏང་ནིའི་ འཆར་གཞི་ཨིནམ་ལས་བརྟེན་ མི་སྡོད་སའི་ རྐང་ཁྲི་ཚུ་ཡང་ བཏོན་ཡི་ར་ འབག་འགྱོཝ་མ་གཏོགས་ བདག་འཛིན་མི་འཐབ་པས་ཟེར་ཨིན་པས།
དཔལ་འབྱོར་གྱིས་འབད་བ་ཅིན་ སྤྱི་ལོ་༡༩༩༨ ལུ་ རྒྱང་མཐོང་ཊེ་ལི་བི་ཤཱན་ འགོ་བཙུགས་ཞིནམ་ལས་ གློག་བརྙན་ཁང་ནང་ གློག་བརྙན་བལྟ་བར་འོང་མི་ ཚོང་མགྲོན་ཚུ་ཡང་ ཉུང་སོ་ཡི་ཟེར་ཨིན་པས།
གློག་བརྙན་ཁང་ནང་ གློག་བརྙན་མ་བཏོན་པར་ བདུན་ཕྲག་༢ དེ་ཅིག་ལང་ཡོདཔ་ད་ ད་རེས་ཀྱི་ ཟླ་མཇུག་ལུ་ མཇུག་ར་ གློག་བརྙན་༡ བཏོན་པར་ འོང་ནི་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ གློག་བརྙན་ཉིནམ་༡ བཏོན་ནིའི་དོན་ལུ་ དངུལ་ཀྲམ་༤,༠༠༠ སྦེ་ ཁང་གླར་བྱིན་དོ་ཡོདཔ་ད་ གློག་བརྙན་ཁང་ནང་ སྡོད་ཁྲི་༧༠༠ དེ་ཅིག་ཡོད་རུང་ སྐབས་སྐབས་ གློག་བརྙན་བལྟ་མི་༡༠༠ ཡང་ མི་འོང་མས་ཟེར་ཨིནམད་ད་ གློག་བརྙན་ལེགས་ཤོམ་མེད་པའི་སྐབས་ མི་༥༠ དེ་ཅིག་ལས་ མི་འོང་མས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་ ཁང་གླ་དངུལ་ཀྲམ་༡༥,༠༠༠ དེ་ཅིག་ ཐོབ་དོ་ཡོདཔ་ཨིན་རུང་ ཤུལ་ལས་ གླ་འཐུས་མར་བབས་སོང་ཡི་ཟེར་ཨིན་པས།
ནོར་རྒྱས་གློག་བརྙན་ཁང་དེ་ སྤྱི་ལོ་༢༠༡༠ ལུ་ སྒོ་བསྡམས་ཡོདཔ་ཨིན་རུང་ འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ཚུན་ གློག་བརྙན་ཁང་ ལོག་སྒོ་ཕྱེ་ནིའི་ འཆར་གཞི་མེདཔ་ལས་ མ་འོངས་པ་ལུ་ ག་དེ་འབད་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ ཚེ་དབང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འབྲུག་པའི་གློག་བརྙན་གསརཔ་ ལེ་ཤ་ཅིག་ར་ འོང་དོ་ཡོདཔ་ལས་ གློག་བརྙན་ཁང་༡ དགོཔ་ཁག་ཆེ་བས་ཟེར་ཨིན་པས།
མིག་གློག་བརྙན་ཁང་ བརྡལ་གཏང་པའི་ཤུལ་ལུ་ ད་ལྟོ་ གློག་བརྙན་ཁང་གསརཔ་ སྒོ་ཕྱེ་ནིའི་ འཆར་གཞི་མེད་ཟེར་ ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment