ཟམ་གྱི་གཞི་འགྱམ་སྒྲིང་སྒྲིང་མེད་རུང་ སྣུམ་འཁོར་ཆུང་བ་དང་ བར་མ་ཚུ་ འགྲོ་འགྲུལ་འབད་ནི་ལུ་ ཉེན་ཁ་མེད་མི་ བཱ་ལུ་ཇོ་ར་རྩི་སའི་ཟམ། |
བཱ་ལུ་ཇོ་ར་ཟམ་དེ་ ཆརཔ་རྒྱུན་ཆད་མེད་པར་ རྐྱབ་མི་དེ་གིས་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ མེདཔ་བཏང་ཡོདཔ་ད་ ཆར་ཆུ་ལུ་བརྟེན་ ཆུ་རུད་ཐོན་ཏེ་ ཟམ་གྱི་གཞི་རྟེན་སྒྲིང་སྒྲིང་མེདཔ་བཟོ་དཔ་ལས་ ཟམ་རམ་འགྱོ་ནི་གི་ གནོད་ཉེན་ཡོད་ནི་དེ་གིས་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ཚུ་ ཉིནམ་༣ གྱི་རིང་ མཚམས་འཇོག་འབད་ བཞག་པའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ བཏང་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་ བརྟག་དཔྱད་འབད་མི་དང་འཁྲིལཝ་ད་ ཟམ་དེ་ དོས་འབག་མི་ སྣུམ་འཁོར་ཆེ་བ་ཚུ་ འགྲོ་འགྲུལ་འབད་མི་ལུ་བརྟེན་མིན་པར་ ཆུ་རུད་ཀྱིས་ ཟམ་གྱི་གཞི་རྟེན་ཀཝ་ཅིག་གི་ དོང་སྤེད་བདའཝ་ལས་ ཟམ་སྦུག་གི་ ཆ་ཤས་ཅིག་ གཡོ་བཏང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ སྣུམ་འཁོར་དོས་མེད་མི་ ཆུང་བ་དང་ བར་མ་ཚུ་ འགྲོ་འགྲུལ་འབད་བཏུབ་ནི་མས་ཟེར་ གསལ་བསྒྲགས་འབད་ཡོདཔ་ད་ བཱ་ལུ་ཇོ་ར་ཟམ་གུ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཆེ་བ་དང་ བར་མ་༣༠༠ དེ་རེ་ འགྲོ་འགྲུལ་འབདཝ་བཞིན་དུ་ སྣུམ་འཁོར་ཊཱག་སྦོམ་ཚུ་གིས་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ཚུ་ནང་ རྒྱུ་ཆས་མེ་ཊིག་ཊཱོན་༤༠ རེ་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
སྣུམ་འཁོར་ཆུང་བ་དང་ བར་མ་ཚུ་བཏང་སྟེ་ བདུན་ཕྲག་༡ ལང་ཡོདཔ་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ དཀའ་ངལ་ག་ཅི་ཡང་མ་བྱིན་ཟེར་ དཔག་བསམ་ཁའི་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཟམ་ལུ་བྱེམ་མི་ཕོག་ནིའི་དོན་ལུ་ ཟམ་གུ་ལས་ སྣུམ་འཁོར་༡ འགྱོ་ཚརཝ་དང་རྐྱངམ་གཅིག གཞན་མི་དེ་ གཏང་དོ་ཡོདཔ་ལས་ སྣུམ་འཁོར་ཟམ་བརྒལ་མ་ཚར་ཚུན་ཚོད་ ཕར་ཚུར་འགྱོ་མི་ ཟམ་གྱི་རྩ་བ་སྒུག་བཞག་དོ་ཡོདཔ་ཨིན་པས།
དཔག་བསམ་ཁ་ལས་ ཟླ་བ་བཟང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཟམ་གནོད་སྐྱོན་རྐྱབ་མི་གུ་ལས་འགྱོཝ་ད་ འདྲོག་སྣང་བྱུངམ་ཨིན་རུང་ གཞན་ཁ་ལས་འགྱོ་ཐབས་མེདཔ་ལས་ བྱ་ཐབས་མེད་པར་ འགྱོ་དགོ་པས་ཟེར་ཨིནམ་ད་ ད་ལྟོ་ ང་བཅས་ཀྱི་ ཚ་གྱང་ཟེར་རུང་ གནམ་བྱཱར་གྱི་ ཆར་ཆུའི་དུས་ཚོད་དེ་ མགྱོགས་པ་མཇུག་བསྡུ་བ་ཅིན་ དྲག་ནི་མས་ཟེར་ མནོ་སྡོད་ཡོད་ཟེར་སླབ་ཨིན་པས།
ད་རུང་ ས་གནས་ནང་སྡོད་མི་ ཨ་ནི་ཏ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་དང་ དཔག་བསམ་ཁའི་སྦུག་ལུ་ བཱ་ལུ་ཇོ་ར་ཟམ་རྐྱངམ་གཅིག་ཨིནམ་ལས་ གཞུང་གིས་ ཟམ་གསརཔ་ཅིག་ བཟོ་སྐྲུན་འབད་གནང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ཨིན་རུང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཟམ་མེདཔ་ཐལ་མིའི་སྐོར་ལས་ སྙན་ཞུ་ཁ་གསལ་སྦེ་ ཐིམ་ཕུ་ཡིག་ཚང་ལྟེ་བ་ལུ་ བཙུགས་ཡོདཔ་ལས་ ཐབས་ཤེས་ག་ཅི་བཏོན་པ་ཅིན་ དྲག་ནི་ཨིན་ན་ ད་ལྟོ་ གྲོས་ཐག་བཅད་ནི་ལུ་ སྒུག་ཡོད་ཟེར་ཨིནམ་ད་ དཀའ་ངལ་དེ་ སྦོམ་ཅིག་ཨིནམ་ལས་ དེ་ལུ་ གྲོས་བསྡུར་ཞིབ་པར་ གནང་དགོཔ་ཡོདཔ་ལས་ དེ་འཕྲོ་ལས་ རྒྱུན་བརྟན་གྱི་ ཐབས་ཤེས་བཏོན་མི་ཚུགས་ཟེར་ སླབ་ཨིན་པས།
སྤྱི་ལོ་༡༩༨༧ ལུ་རྐྱབ་སྟེ་ དཔག་བསམ་ཁ་དང་ ཕུན་ཚོགས་གླིང་གི་བར་ན་ འགོ་དང་པ་ སྦྲེལ་མཐུད་འབད་མི་རིང་ཚད་མི་ཊར་༡༡༦ འབད་མི་ བཱ་ལུ་ཇོ་ར་རྩི་སའི་ཟམ་དེ་ ད་རུང་ དེ་བཟུམ་མའི་ ཆུ་རུད་ཐོན་པ་ཅིན་ རམ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment