ལཱ་འབད་འཕྲོ་སྦེ་ལུས་མི་ ཨ་མོ་ཆུ་ཟམ་བཟོ་སྐྲུན་གྱི་མཐོང་སྣང་། |
འབྲུག་པའི་ ཁག་འབགཔ་ཚུ་གིས་ ལྕགསི་ཨིས་ཊིལ་གྱི་ བཟོ་བཀོད་འབད་ནི་ལུ་ དང་འདོད་བསྐྱེད་མ་བཏུབ་མི་ལུ་བརྟེན་ རྒྱལ་སྤྱིའི་ཁག་འབགཔ་ཚུ་གི་བར་ན་ རིན་བསྡུར་འབདཝ་ད་ ནེ་པཱལ་ ཀ་ལི་ཀ་བཟོ་སྐྲུན་དང་ འབྲུག་དགའ་སེབ་བཟོ་སྐྲུན་གཉིས་ཀྱིས་ ལཱ་དེ་ཐོབ་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༧ པའི་ནང་ ཧེ་མའི་ཁག་འབགཔ་གིས་ ལས་འགུལ་གྱི་ལཱ་ཚུ་ནང་ ལོག་སྤྱོད་འབད་མི་ལུ་བརྟེན་ ཁག་འབག་ལཱ་ ཆ་མེད་བཏང་ཐོག་ལས་ སྤྱི་ཟླ་༩ པའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ ལས་འགུལ་ཚུ་ ལོག་ལེན་ཏེ་ ལཱ་འབད་ཡོདཔ་ཨིན་པས།
ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ བྱང་ཆུབ་ཡེ་ཤེས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩི་སའི་ལཱ་ཚུ་ ལམ་སེལ་ལས་ཁུངས་ལུ་ སྤྲོད་ཡོདཔ་ཨིན་རུང་ ཨིསི་ཊིལ་གྱི་ རྒྱུ་ཆས་ཀྱི་ལཱ་འབད་མི་ཚུ་ དམིགས་བསལ་སྦེ་ དགོཔ་ལས་བརྟེན་ ཉམས་མྱོང་ཅན་གྱི་ ཁག་འབགཔ་ཚུ་ དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
འབྲུག་པའི་ཁག་འབགཔ་རྐྱངམ་གཅིག་གིས་ བཟོ་སྐྲུན་གྱི་ལཱ་དེ་ འབད་མ་ཚུགས་པའི་ཁར་ ལམ་སེལ་ལས་ཁུངས་ཀྱིས་ཡང་ འབད་མ་ཚུགས་མི་ལུ་བརྟེན་ ཕྱིའི་ཁག་འབགཔ་ལུ་ སྤྲོད་དགོཔ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་དང་འཁྲིལ་བ་ཅིན་ ཨིསི་ཊིལ་གྱི་ལཱ་འབད་ནི་ འགོ་བཙུགས་ཞིནམ་ལས་ ཟམ་དེ་ཟླཝ་༡༥ གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་སྦེ་ཨིནམ་ལས་ ལཱ་ངོ་མ་དེ་ སྤྱི་ཟླ་༡༠ པའི་ཟླ་ཕྱེད་དེ་ཅིག་ལས་ འགོ་བཙུག་ནི་ཟེར་ཨིན་པས།
རྒྱ་གར་ལས་ ཁག་འབགཔ་༢ དང་ རྒྱ་ནག་ལས་༡ གིས་ རིན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ་ད་ མི་ཊར་༡༧༥ འབད་མི་ ཨིསི་ཊིལ་གྱི་ཟམ་དེ་ ཐའི་གི་ ལས་སྡེ་ཅིག་གིས་ བཟོ་བཀོད་འབད་འབདཝ་ཨིན་པས།
ཟམ་དེ་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༠ གྱི་ས་ཁར་ཡོད་པའི་ཁར་ འབྲུག་རྒྱལ་ཁབ་ནང་གི་ ཟམ་རིང་ཤོས་ཅིག་དང་ གནས་གོང་མཐོ་དྲག་ཅིག་སྦེ་ བརྩིཝ་ཨིན་པས།
འབྲུག་གཞུང་གིས་ མ་དངུལ་གྲོགས་རམ་གནང་མི་ ཟམ་གྱི་གནས་གོང་དེ་ དངུལ་ཀྲམ་ ས་ཡ་༡༩༥.༥ ཨིན་ཟེར་ བྱང་ཆུབ་ཡེ་ཤེས་ཀྱིས་བཤད་པའི་ཁར་ ད་རེས་ ཁག་འབག་གི་ལཱ་འབད་མི་ གསརཔ་བཙུགས་ཡོདཔ་བཞིན་དུ་ དེ་གིས་ གནས་གོང་ཚུ་ ཡར་སེང་འགྱོ་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཨ་མོ་ཆུའི་ཟམ་ མི་ལོ་༡༠༠ ལྷགཔ་སྦེ་ གནས་ཚུགས་པའི་རེ་བ་ཡོདཔ་མ་ཚད་ ཟམ་དེ་གིས་ དོས་ཀྱི་ལྗིད་ཚད་ མེ་ཊིག་ཊཱོན་༧༠ དེ་ཅིག་ འབག་ཚུགས་ནི་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ཆུ་རུད་ཀྱིས་ གནས་སྐབས་ཀྱི་ ཆུ་བྱག་ཚུ་ འཕྱགས་བདའ་ཡར་སོ་ཡི་ཟེར་ཨིནམ་ད་ ས་གནས་ནང་ ད་ལྟོ་ རྡོ་དང་ བྱེམ་ཚུ་སྤུངས་ཏེ་བཞག་ཅི་ཟེར་ཨིན་པས།
ད་ལྟོ་ ཆརཔ་རྐྱབ་པའི་དུས་ཚོད་འབད་ནི་དེ་གིས་ ཟམ་གྱི་ལཱ་ཚུ་ མཚམས་འཇོག་འབད་བཞག་ཡོདཔ་ཨིན་རུང་ ཆརཔ་གི་དུས་ཚོད་མཇུག་བསྡུཝ་ཅིག་ ལཱ་ཚུ་ལོག་འགོ་བཙུགས་ནི་ཨིན་པའི་གནས་ཚུལ།
No comments:
Post a Comment